བཀའ་ཁྲིར་བུད་མེད་ཅིག་གདམ་དགོས།


   
དེ་ཡང་། ༧རྒྱལ་དབང་མཆོག་གི་ཐུགས་དགོངས་ལྟར། འདས་པའི་བཀའ་ཁྲི་མི་མང་གིས་འོས་འདེམས་བྱས་ཤིང་། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་སུ་གདམ་མིན་འོས་འགན་ཡང་བོད་པ་མི་རེ་ངོ་རེའི་ཕྲག་ཏུ་བབས་ཡོད་ཅིང་། སུ་ཞིག་རང་ཉིད་བཀའ་བློན་ཁྲི་པའི་འོས་ཤོག་འགྲན་བསྡུར་ནང་ཞུགས་ཏེ། ཐོབ་ཐང་གི་ཆ་ཤས་བསླངས་ན་༸རྒྱལ་དབང་མཆོག་གིས་གནང་བའི་མང་གཙོ་གསོལ་རེས་གནང་བ་ལྟར་ལོངས་སུ་སྤྱད་པས་༸རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་འགྱུར་བར་ངེས་ཤིང་། རང་ཉིད་ཀྱང་བོད་མི་རིགས་དང་རྒྱལ་ཁབ་ལ་ཀུན་ཁྱབ་སེམས་ཁུར་གྱི་འོས་འགན་གཉིས་ཀ་བསླངས་པའི་གདེང་སྤོབས་ཆེ།


   
འདས་དུས་མི་མང་གིས་བཀའ་ཁྲི་བདམས་རྗེས་༧རྒྱལ་དབང་མཆོག་གིས། ངོས་ནས་མི་མང་གིས་བཀའ་བློན་ཁྲི་པ་དེ་ལོ་ན་དར་བའི་ཕོ་སར་ནུས་པ་ཅན་ཞིག་དང་། ལྷ་རབ་བྱུང་ན་བུད་མེད་ཅིག་འདེམས་ཐོན་བྱུང་ན་སྙམ་ཡང་། སྟབས་མ་ལེགས་པ་ཞིག་ལ་གྲྭ་པ་བསླབ་རྒན་ང་དང་འདྲ་བ་ཞིག་བདམས་འདུག་ཅེས་གསུངས་པར་གྲགས་ཤིང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་གསུང་བཤད་སྐབས་སུ་ལུང་དེ་ཉིད་བསྒྲངས་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་ཕོ་སར་ཞིག་དང་། ལྷ་རབ་བྱུང་ན་བཀའ་བློན་ཁྲི་པ་བུད་མེད་ཅིག་གདམ་ཐུབ་པའི་ཐུགས་རེ་༸རྒྱལ་དབང་མཆོག་དང་གཅིག་མཚུངས་ལྟར་བསྟན་ཡོད།


   
བོད་མི་མང་ངོས་ནས་ཀྱང་སྔར་དང་མི་འདྲ་བར་བོད་ཀྱི་དབུ་ཁྲིད་རྣམ་པའི་བཀའ་དགོངས་ལྟར་སེམས་ཤུགས་མཉམ་སྐྱེད་ཀྱིས་ཕྱི་ལོ་ ༢༠༡༡ གི་བཀའ་བློན་ཁྲི་པ་དེ་མི་མང་དཀྱིལ་དུ་གཅིག་ནས་གཅིག་རང་ལ་བདམས་པ་ཙམ་མ་ཡིན་པར། གདམ་བྱ་མང་པོའི་དཀྱིལ་ནས་ཡག་ཤོས་ཅིག་གདམ་ཐུབ་པའི་རེ་འདུན་གྱི་གྲ་སྒྲིག་ད་ལྟ་ནས་བྱེད་ཀྱི་ཡོད་པས་དགའ་སྤོབས་དང་འབྲེལ། ངོས་ནས་ཀྱང་༧རྒྱལ་དབང་མཆོག་གིས་སྐུ་དབང་མི་མང་ལ་གསོལ་རེས་གནང་བ་དང་། ལྷག་པར་དུ་ཁོང་གིས། ང་རང་ཚོ་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་འགྲོ་གི་ཡོད་ཅེས་གསུངས་པ་དང་སྦྲེལ་ཏེ། གོང་བརྗོད་ལྟར་༧རྒྱལ་དབང་མཆོག་གིས་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པ་དེ་ཕོ་སར་ཞིག་དང་། ལྷ་རབ་བྱུང་ན་བུད་མེད་ཅིག་གདམ་ཐོན་བྱུང་ན་བསམ་ཀྱང་ཞེས་བཀའ་སློབ་དགོངས་དོན་དེ་དག་གཞིར་བཞག་ཐོག  བོད་དོན་ལ་སེམས་ཁུར་ཅན་མང་པོས་ཀྱང་རྒྱབ་སྐྱོར་བསྐུལ་མ་དང་བཅས་ཀྱིས་མཚམས་སྦྱར་ནས། ངོས་ནས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་དེ་བུད་མེད་ཅིག་གདམ་ཐུབ་པ་བྱེད་དགོས་སྙམ།


   
བཀའ་ཁྲི་བུད་མེད་ཅིག་འདེམས་ཐོན་བྱུང་ན་དགེ་མཚན།
༡༽ ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་དགོངས་དོན་དང་མཐུན་ཞིང་འཚམ་པའི་ཐོག     ཐོབ་སྐལ་གྱི་ཚུལ་དུ་བུད་མེད་ཅིག་གིས་བཀའ་ཁྲིའི་ཆ་ཤས་བསླངས་ཐུབ་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ཡིན་པ། ༢༽ ལྷག་པར་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག  བོད་པ་སྤྱི་མཐུན་གྱི་བཀའ་བློན་ཁྲི་པ་བུད་མེད་ཅིག་བྱུང་ན་འཛམ་གླིང་ནང་མང་གཙོ་ཡར་ཐོན་ཅན་ཨ་རི་སྟོབས་ཆེན་རྒྱལ་ཁབ་དང་མང་གཙོའི་འགྲན་བསྡུར་ནུས་པར་མཚོན་པ། ༣༽ འཛམ་གླིང་ཤར་ནུབ་མང་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་མང་པོས་ཀྱང་ལེགས་ཆའི་མིག་དཔེ་ལྟ་འོས་པའི་བོད་ནི་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ངེས་པ། ༤༽ གཞིས་སུ་ལུས་པའི་བོད་རིགས་གཞོན་སྐྱེས་དང་དར་མ་མང་པོ་རྒྱ་གཞུང་གི་སློབ་གསོ་ལོག་པའི་འོག་སེམས་ཁོང་ན་གནའ་རབས་བོད་སྲིད་གཞུང་ཟེར་བ་བྲན་གཡོག་ལམ་ལུགས་ཤིག་ཡིན་པ་དང་། བཀས་བཀོད་རྒྱུད་འཛིན་ཡིན་པ། སྲིད་དབང་སྒེར་འཛིན་དང་ཀླད་རྙིང་འཕྲད་མཁྲེགས་འཛིན་འབའ་ཞིག་བྱེད་མཁན་ནག་ཅན་ཞིག་ལ་ལྟ་ཚུལ་ཡོད་པས། མ་འོངས་བོད་བདེན་མཐའ་གསལ་ནའང་ལམ་ལུགས་རྙིང་བ་སོགས་སྔར་བཞིན་འགྲོ་བའི་བསམ་ནོར་ཡོད་ཚད་རྨོངས་གཉིད་ལས་རང་བཞིན་གྱིས་སད་དེ་བློ་ཁ་བདེ་བླག་ཏུ་འགུག་ཐུབ་པའི་དགེ་ཕན་ཡང་ཧ་ཅང་གིས་ཆེ་བ། ༥༽ བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་རྒྱ་གཞུང་གིས་བཙན་བྱོལ་ནང་ནས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུའི་ཉེན་ཁ་འདུག་ཅེས་བཤད་ཡོད་པ་སོགས་རང་བཞིན་གྱིས་དག་སེལ་དུ་འགྲོ་བ། ༦༽ གཞིས་བྱེས་གང་སར་ན་གཞོན་ཁག་ཅིག་གཙོས་པའི་བོད་མི་མང་པོ་ཞིག་དང་། ལྷག་པར་བུད་མེད་མང་དག་ཅིག་རྒྱུན་དུ་ཕངས་སེམས་རང་བཞིན་གྱིས་དམའ་ལ་དུས་རྒྱུན་ཆབ་སྲིད་ཐད་དོ་སྣང་མི་བྱེད་མཁན་ཚང་མ་རང་བཞིན་གྱིས་བློ་སྟོབས་རྒྱས་ཤིང་བསམ་བློ་སད་ཐུབ་པའི་དགེ་ཕན་ནུས་པ་ཆེན་པོ་ལྡན་ཡོད་པ། ༧༽ བོད་སྲིད་གཞུང་ནི་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་རྒས་འཁོག་ཁ་ཤས་ཀྱི་བརྒྱུད་འཛིན་བྱེད་སྡོད་རྒྱུ་ཙམ་ལས། གཞོན་སྐྱེས་དང་། ལྷག་པར་བུད་མེད་ལ་མཐོང་ཆུང་གིས་ཆེས་མཐོའི་སྲིད་དབང་སྤྲོད་པའི་ལུགས་སྲོལ་མི་སྲིད་དོ་སྙམ་པའི་བོད་རྒྱ་མི་མང་ནང་བསམ་ཚུལ་ཤུགས་ཆེན་པོ་ཡོད་མཁན་ཚང་མ་བསམ་བློ་གཙང་དག་ཏུ་འགྲོ་བ་སོགས་དགེ་ཕན་མང་དག་མཐོང་བ་ལགས་སོ།

ངག་དབང་བྱམས་པ།(ས་རཱ་མཐོ་སློབ)