རང་དབང་འཐབ་རྩོད་པ་ཞིག་ཆགས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས།
    ས་གནས་གཞན་དུ་བོད་མི་དང་ཡུལ་མིའི་དབར་འཁྲུག་རྩོད་བྱུང་མྱོང་བས། ས་གནས་འདིར་ཡང་དཀའ་ངལ་དེ་རིགས་འཕྲད་ཀྱི་རེད་དགོངས་ཀྱི་འདུག་གམ་ཞེས་དྲིས་པར། ཁོང་གིས་གསུང་དོན། ང་རང་སྒེར་གྱི་ལྟ་ཚུལ་ལ་བོད་པའི་ལོ་གཞོན་དེ་ཚོས་དེང་རབས་ཀྱི་ཆས་གོས་སོགས་ཁྲ་ཁྲ་ཟང་ཟིང་མང་དྲགས་ནས་འཁྲུག་རྩོད་འབྱུང་གི་ཡོད་པ་རེད། སྤྱིའི་ཆ་ནས་བོད་མི་ཕྱི་རྒྱལ་དང་འབྲེལ་བ་ཆེན་པོ་དང་ཚོང་གི་འགྲོ་སྟངས་བཅས་དཔལ་འབྱོར་གྱི་གནས་བབས་གང་འཚམ་ཡག་པོ་ཡོད་པ་རེད། དཔལ་འབྱོར་གྱི་གནས་བབས་དེས་བོད་མི་དང་བོད་མིའི་དབར་ལ་འཁྲུག་རྩོད་ཡོང་གི་ཡོད་རེད་ལ། རྒྱ་གར་དང་རྒྱ་གར་དབར་ལའང་འཁྲུག་རྩོད་ཡོང་གི་ཡོད་པས། སྤྱི་ཚོགས་གཉིས་དབར་གྱི་མཐུན་འབྲེལ་གྱི་སྐྱོན་ཆ་རེད་བསམ་གྱི་མི་འདུག་ཅེས་དང། ཁྱེད་རང་གི་ངོས་ནས་བོད་པའི་གཞོན་སྐྱེས་ཚོས་ཡར་རྒྱས་གཏོང་དགོས་པ་གང་མཐོང་གི་འདུག་ཅེས་དྲིས་པར། ཁོང་གིས་གསུང་དོན། ང་རང་སྒེར་གྱི་ངོས་ནས་བོད་མི་རྒན་པ་དང་གཞོན་སྐྱེས་ཚོར་འབྲེལ་བ་ཡག་པོ་ཡོད། ཡིན་ནའང་སྤྱིར་བཏང་བོད་པ་དང་ཡུལ་མིའི་དབར་གཅིག་གིས་གཅིག་ལ་བསམ་ཤེས་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཐེངས་གཅིག་ང་བོད་པའི་རྩོད་རྙོག་འདུམ་སྒྲིག་གི་ཚོགས་འདུ་ཞིག་ནང་འགྲོ་སྐབས། རྒྱ་གར་གཞོན་སྐྱེས་ཚོས་བོད་པས་ཁོ་རང་ཚོ་རྒྱ་གར་ཡུལ་མི་ལས་རིགས་མཐོ་བར་བརྩི་ཡི་འདུག་ཟེར་བ་དང༌། བོད་པས་ང་ཚོར་མཐོང་ཆུང་བྱེད་ཀྱི་འདུག་ཟེར་བ་སོགས་འདུག གང་ལྟར་ཕྱོགས་གཉིས་ཀས། གོ་ནོར་མ་ཐེབས་པ་བྱས་ནས་བསམ་ཤེས་བྱེད་རྒྱུ་གལ་ཆེན་པོ་རེད། བོད་གཞུང་གི་ངོས་ནས་གཞོན་སྐྱེས་ཚོ་སྟངས་འཛིན་ཡག་པོ་བྱས་ནས་འགན་ཁུར་ཐུབ་མཁན་ཞིག་དང་རང་དབང་འཐབ་རྩོད་པ་ཞིག་ཆགས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། བོད་པའི་གཞོན་སྐྱེས་ཚོས་འགན་འཁྱེར་གྱི་མི་འདུག་ཟེར་གྱི་མེད། ཡིན་ནའང་གཞོན་སྐྱེས་ཚོར་སྐུལ་ལྕགས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་གསུངས་སོང།
    བོད་མི་ཚོ་སླར་ཡང་ལོ་༥༠ རྒྱ་གར་དུ་སྡོད་དགོས་བྱུང་ན་དཀའ་ངལ་ཆེ་ཤོས་གང་འཕྲད་ཀྱི་རེད་དགོངས་ཀྱི་འདུག་ཅེས་དྲིས་པར། ཁོང་གིས་གསུང་དོན། དང་པོ། དཔེར་ན་ད་ལྟའི་བལ་ཡུལ་གྱི་སྲིད་འཛིན་རྒྱ་གར་གྱི་མི་རིགས་རེད། དེ་བཞིན་བོད་མི་ཚོའང་རྒྱ་གར་གྱི་ཡུལ་མི་ཆགས་ནས་མ་འོངས་པའི་དཀའ་ངལ་སེལ་ཐབས་བྱེད་ཆོག་གི་རེད་བསམ་གྱི་འདུག གཉིས་པ། རྒྱ་གར་མི་མང་གིས་བོད་པའི་དངོས་ཡོད་གནས་སྟངས་དང་དངོས་ཡོད་ཀྱི་དཀའ་ངལ་ཤེས་ཀྱི་ཡོད་པས་ཚང་མས་མ་འོངས་པར་བོད་པར་རྒྱབ་སྐྱོར་བྱེད་ངེས་རེད། གསུམ་པ། ྋགོང་ས་མཆོག་གི་དགོངས་པ་གཙོ་བོ་དེ་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་བོད་པའི་ཆོས་རིག་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པས། རྒྱ་གར་གྱི་ངོས་ནས་རིག་གཞུང་དེ་དག་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་བྱེད་ངེས་རེད་བསམ་གྱི་འདུག་ཅེས་དང། ཁྱེད་རང་གིས་བོད་དོན་ཆེད་བགྲོ་གླེང་སོགས་གོ་སྒྲིག་མང་པོ་གནང་མྱོང་འདུག་པས། དེ་ལྟར་བོད་དོན་ལ་དོ་སྣང་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་ནམ་ཞེས་དྲིས་པར། ཁོང་གིས་གསུང་དོན། ངས་ལོ་མང་རིང་ཧིན་བོད་མཛའ་འབྲེལ་གྱི་ལས་ཀ་བྱེད་མྱོང་ཡོད་རེད་ལ། ྋགོང་ས་མཆོག་གིས་ངའི་ཕྲག་པར་ཕྱག་འཆང་ནས་ཁྱེད་རང་དྷ་ས་ས་གནས་ཀྱི་འཐུས་མིར་བདམས་པ་རེད། རྒྱ་གར་གྱི་ཡུལ་མི་ཙམ་མིན་པར་བོད་པ་ལའང་ལྟ་རྟོགས་བྱེད་དགོས་ཞེས་བཀའ་ཕེབས་སོང་བས། དངོས་གནས་ང་ལ་བོད་པའི་ཕྱོགས་ལ་ལས་ཀ་བྱེད་རྒྱུར་གསོན་ཤུགས་གསར་པ་ཞིག་གནང་བྱུང་ཞེས་གསུངས་སོང།
    གལ་སྲིད་ྋགོང་ས་མཆོག་མ་བཞུགས་ན་དྷ་ས་ནི་བོད་པའི་ཆབ་སྲིད་ཀྱི་ལྟེ་གནས་ཡིན་པས། ཁྱེད་རང་གིས་འདིའི་དཀའ་ངལ་གང་ཞིག་འཕྲད་སྲིད་པ་རེད་དགོངས་ཀྱི་འདུག་གམ་ཅེས་དྲིས་པར། ཁོང་གིས་གསུང་དོན། ངས་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་མི་འདུག གཅིག་ནས་ྋགོང་ས་མཆོག་གི་མཛད་པ་འཕྲིན་ལས་འཛམ་གླིང་ལ་ཁྱབ་ཡོད་པ་དང༌། གཉིས་ནས་ྋགོང་ས་མཆོག་མ་བཞུགས་ཀྱང་ཁོང་གི་གསུངས་པའི་བཀའ་དང་འཆར་གཞི་ཡོངས་རྫོགས་ང་ཚོའི་ལག་ཏུ་ཡོད་པ་རེད། དཔེར་ན། སངས་རྒྱས་འཇིག་རྟེན་འདིའི་སྟེང་བཞུགས་ཡོད་མ་རེད་དེ། ཁོང་གི་བཀའ་ད་དུང་ཡང་མ་ཉམས་པར་མི་རྣམས་ཁོང་གི་རྗེས་སུ་འཇུག་གི་ཡོད་རེད། ད་དུང་ྋགོང་ས་མཆོག་གི་ཡང་སྤྲུལ་ཕེབས་ནས་བོད་པའི་ཕྱག་ལས་མུ་མཐུད་ནས་གནང་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང།།
    དྷ་ས་ས་གནས་འཐུས་མི་སྐུ་ཞབས་སུ་བྷཤི་ནི་རཱ་ལགས་དྷ་སར་སྐྱེས་པ་དང། ཁོང་ནི་ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་འཛུགས་མཁན་གྱི་གྲས་སུ་ཡོད་ལ། ལོ་མང་རིང་ཚོགས་པ་དེའི་དྲུང་ཆེ་གནང་མྱོང་ཡོད་ཅིང༌། དེང་སྐབས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་དང་བོད་ཀྱི་ཆབ་སྲིད་བགྲོ་གླེང་སོགས་དྭངས་བླང་གིས་འཛུལ་ཞུགས་གནང་མཁན་གྱི་གཞོན་སྐྱེས་ཤིག་རེད།།    

 
							