དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད།

    ཕྱི་དྲོ་ཆུ་ཚོད་༥ཕྱེད་ཐོག་བྷེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ནས་མི་མང་དང་བཀྲིས་ལྷུན་པོའི་དགེ་འདུན་པ་སེ་རའི་དགེ་འདུན་པ་༣༠ ཙམ་དང། སེར་སྐྱ་མི་མང་ཉིས་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱ་ནག་མང་གཙོ་དོན་གཉེར་བའི་སློབ་མ་མང་པོས་པེ་ཅེན་དུ་ཡར་ལངས་བྱས་པར་རྒྱ་གཞུང་གི་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་ན་ལོ་འཁོར་བར་དྲན་གསོ་མྱ་ངན་ཞུས་ཡོད་པ་རེད། དེ་ཡང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་གྱིས་ྋགོང་ས་མཆོག་གིས་དྲུག་བཞིའི་དོན་རྐྱེན་སྐོར་གྱི་གསུང་འཕྲིན་སྒྲོགས་སྦྱང་བྱས་རྗེས། ང་ཚོས་འདི་ལྟར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ་ནི་རྒྱ་གཞུང་གིས་རྒྱ་བོད་མི་རིགས་བར་དབྱེན་དཀྲུག་འགལ་བ་བཟོ་བར་དྲིལ་བསྒྲགས་བྱ་དང་བྱེད་བཞིན་པར་བརྟེན། བོད་རྒྱ་མི་རིགས་བར་མཐུན་སྒྲིལ་ལ་གནོད་སྐྱོན་འགྲོ་བའི་ཉེན་ཁ་ཡོད་པ་ང་ཚོས་འགོག་དགོས་པ་དང༌། དེ་ནི་ྋགོང་ས་མཆོག་གིས་ང་རྒྱ་གཞུང་ལ་ཡིད་ཆེས་བརླགས་ཟིན་ཡང་རྒྱ་ནག་མི་ལ་ཡིད་ཆེས་བརླགས་མེད་གསུངས་ཡོད་པས་ང་ཚོས་ཀྱང་རྒྱ་ནག་མི་མང་དང་མཐུན་ལམ་བྱེད་དགོས་པ་རེད་ཅེས་དང༌། ཡང་ལས་འགུལ་འདི་དང་འདི་ལྟ་བུའི་གལ་ཆེན་པོ་དང་དོན་དག་ཆེན་པོ་བྱས་ཀྱང་དགོན་པ་གྲྭ་ཚང་ཆེ་ཁག་ནས་མ་གོ་མདོག་མདོག་བྱས་ནས་མཉམ་ཞུག་བྱེད་འཇུག་གི་མེད་པ་ནི་བོད་དོན་ལ་སེམས་ཁུར་མེད་པའི་རྟགས་མཚན་རེད་ཅེས་བརྗོད་ཡོད་པ་རེད། མཐར་མར་མེའི་ཁྲོམ་སྐོར་ཞིག་བྱས་ནས་གྲོལ་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།