ཧི་མ་ལ་ཡའི་རིགས་བརྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

    འདི་ན། སྤི་ཏི་དང༌། ལ་དྭངས། ག་ཤ། ཁུ་ནུ་སོགས་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་ལོ་རྒྱུས་དང༌། སྐད་ཡིག ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་གང་ས་ཅི་ཐད་ནས་མི་དམན་ཙམ་ཤེས་རྟོགས་འབྱུང་ན། བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག ལོ་རྒྱུས་གཙོས་པའི་ཡུལ་སྲོལ་གོམས་གཤིས་སོགས་ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོས་བོད་ཀྱི་ལོ་རྒྱུས་གཅིག་ཤེས་ཀུན་གྲོལ་ལམ། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་ཕན་ཆ་ཆེན་པོ་ཞིག་ཆགས་ཐུབ་ངེས་རེད་སྙམ། དུས་རབས་བདུན་པའི་ནང་དུ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་མངའ་ཐང་དབྱར་ཆུ་ལྟར་རྒྱས་དུས། ཡབ་མེས་ཀྱི་དགོངས་གཞི་གཙིགས་སུ་བཟུང་སྟེ། ཁོང་གི་སྐུ་དུས་སུ་བོད་ཀྱི་རིགས་རུས་ས་ཁོངས་དང་བཅས་པ་གཅིག་གྱུར་དུ་བཟོས་པའི་མཛད་རྗེས་ཆེ་བས། དུས་ད་ལྟའང་ཧི་མ་ལ་ཡི་རིའི་རྒྱབ་ཏུ་སུ་གནས་པའི་བོད་རིགས་རིགས་རྒྱུད་ཕལ་ཆེར་ཡུལ་སྲོལ་གོམས་གཤིས་སྔོན་རོལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ལྟར། སྤྱིའི་ཆ་ནས་བོད་མདོ་དབུས་ཁམས་གསུམ་དང་གཅིག་གྱུར་ལྟ་བུར་གནས་ཐུབ་ཡོད་པ་དང༌། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡབ་མེས་ནས་རིམ་བརྒྱུད་བྱུང་བའི་ནང་ཆོས་དར་ཞིང་རྒྱས་པར་མཛད་པའི་སྟོབས་ཀྱིས། ཧི་མ་ལ་ཡའི་རིགས་རྒྱུད་ཕལ་ཆེ་བ། ནང་ཆོས་ལ་དད་ཞེན་ཆེ་ཞིང༌། ཆོས་སེམས་ཆེན་པོས་དགེ་སྡིག་ལ་བླངས་དོར་གྱི་དོ་སྣང་ཟབ་པ། གང་ལྟར་རང་གི་ཆོས་དང་རིག་གཞུང༌། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིག་སོགས་གང་གི་ཆ་ནས་ཀྱང་བོད་དང་གཅིག་མཚུངས་སུ་གནས་ཐུབ་པ་འདི་དག་ནི། སྔོན་བྱོན་ཆོས་རྒྱལ་བཀའ་དྲིན་ཅན་དེ་དག་གི་བླ་ན་མཐོ་བའི་མཛད་རྗེས་ལས་བྱུང་བའི་འབྲས་བུ་བཟང་པོ་ཞེ་གཅིག་རེད་སྙམ།
    ཕྱི་ལོ་ ༨༤༢ ལོར་བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བོད་ལྗོངས་ཡོངས་རྫོགས་སྒྱེ་ཁ་གྲོལ་བ་ལྟར་སིལ་བུར་ཐོར་སོང་བའི་རྗེས་ནས། སྲོང་བཙན་གྱིས་གཅིག་བསྡུད་བཟོས་པའི་བོད་ཀྱི་ཡུལ་ལྗོངས་ཧྲིལ་པོ་གཅིག་གྱུར་བཟོ་ཐུབ་མཁན་ད་ལྟའི་བར་དུ་སུ་ཡང་བྱུང་མྱོང་མེད། དེས་ན། རྒྱལ་པོ་གླང་དར་བཀྲོངས་རྗེས་བོད་རིགས་མང་པོ་ལུང་ཆུང་ནང་གི་དཔོན་ཆུང་ལྟ་བུ་བྱས་ཏེ། ཡུལ་ལུང་དང༌། སྡེ་ཚོ་ཁག་རང་མགོ་གང་ཐོན་ནམ། གཅིག་བསྡུད་ཀྱི་མགོ་དཔོན་བྲལ་བའི་བདག་མེད་ལྟ་བུའི་བོད་ལྗོངས་ཧྲིལ་པོ་དུམ་བུ་བཅུ་ཕྲག་བརྒྱད་དགུ་དང༌། ལོ་གྲངས་བརྒྱ་ཕྲག་མང་པོའི་ནང་དུ་བརྒལ་དགོས་གྱུར་སོང་བ་རེད། སྤི་ཏིའི་ཡུལ་གྲུ་འདི་ཉིད་ཀྱང་དུས་རབས་དགུ་པའི་དུས་སུ་བོད་གཅིག་སྡུད་ཀྱི་མགོ་དཔོན་བྲལ་ནས་བཟུང༌། བོད་སྤྱི་མཚུངས་ལྟར་རང་མགོ་གང་ཐོན་གྱིས་གནས་ཡོད་ངེས་ལ། སྟོད་ཕྱོགས་སུ་ཕེབས་པའི་བོད་ཀྱི་ཆོས་རྒྱལ་གདུང་རྒྱུད་ཀྱི་དབང་འོག་གཟིགས་སྐྱོང་བྱུང་སྟེ་ཡུན་རིང་གནས་པའི་སྐོར་དང༌། ཕྱིས་སུ་ཆོས་རྒྱལ་གདུང་རྒྱུད་ལས་མཆེད་པའི་གུ་གེ་རྒྱལ་པོའི་མངའ་འོག་ཏུའང་ཡུན་རིང་བསྡད་པའི་ལོ་རྒྱུས་ཡོད་ལུགས་བཅས་སྐུ་ཞབས་ཚེ་རིང་བསྟན་པ་ལགས་ཀྱིས་གསུངས།
    དེ་ཡང་སྤི་ཏི་བ་སྐུ་ཞབས་ཚེ་རིང་བསྟན་པ་ལགས་ཀྱིས་འདི་བཞིན་གསུངས་ཏེ། སྤི་ཏིའི་ཡུལ་འདི་ཉིད་ལ་གནའ་དུས་སུ་སྤྱི་ཏི་ཞེས་འབོད་ཀྱི་ཡོད་ཚོད་སྣང་ཞིང༌། སྤི་ཏིའམ་སྤྱི་ཏི་གང་ཞིག་འབོད་ཀྱང་མིང་གི་ནང་དོན་ཤེས་རྟོགས་དཀའ་སོང་ཞེས་གསུངས། ལ་ལས། ཁུ་ནུ་བས་ཆུ་ལ་ཏི་ཞེས་འབོད་སྲོལ་ཡོད་ཅེས་ཀྱང་གསུང་མཁན་བྱུང༌། འདི་ན་བསམ་གཞིག་ལ། སྤི་ཏི་ལ་སྔོན་མ་སྤྱི་ཏི་ཞེས་ཟེར་གྱི་ཡོད་ཅེས་པ་ཕལ་ཆེར་བདེན་གཏམ་ཆེན་པོ་ཞིག་ཏུ་གྱུར་སོང་སྟེ། སྤི་ཏི་བའི་སྐད་ཆའི་ནང་དུ་ཡ་བཏགས་ཀྱི་སྒྲ་གདངས་ཆེར་མེད་པ་ཞིག་རེད་འདུག་སྟབས། སྤི་ཏི་ཞེས་པའི་མིང་གི་ཡ་བཏགས་ཀྱང་དོར་ཡོད་ཚོད་རེད་སྙམ། དཔེར་ན། སྤི་ཏི་བས་ཕྱེད་ཀ་ལ་ཕེད་ཀ་དང༌། ཕྱི་ནང་ལ་ཕི་ནང༌། ཕྱིས་མོ་ལ་ཕིས་མོ། བྱེ་མ་ལ་བེ་མ། ཙི་ཙིའམ་བྱེ་བ་ལ་བེ་བ་སོགས་བརྗོད་ཀྱི་འདུག་པས་ཤེས་རྟོགས་འབྱུང་སླ་ལ། སྔོན་མ་ཡུལ་འདིའི་མིང་ལ་སྤྱི་ཏི་ཞེས་འབོད་པར། སྤི་ཏི་བས་སྤྱི་ཏི་ཞེས་མ་འབོད་པར་སྤི་ཏི་ཞེས་འབོད་དེ། རྗེས་སུ་ཡི་གེའི་ནང་ལའང་སྤི་ཏིའམ་པི་ཏི་ཞེས་བྲིས་འགྱངས་སུ་གྱུར་མེད་དམ་སྙམ་སྟེ་དཔྱད་པར་འཚལ།
    སྐུ་ཞབས་ཚེ་རིང་བསྟན་པ་ལགས་ཀྱིས་གསུངས་དོན་ལ། སྤི་ཏི་ཡུལ་སྡེ་འདི་དག་སྔོན་མ་ནས་དགོན་ཁག་ལྔའི་ནང་དུ་འདུས་དགོས་པའི་ལུགས་སྲོལ་ཡོད་ཅིང༌། དགོན་ཁག་ལྔ་ནི་དཀར་མཛེས་ས་སྐྱ་དགོན་དང༌། རྟ་ཕོ་དགོན། བྲག་མཁར་དགོན། དཀྱིལ་དགོན། གུ་གླིང་དགོན་བཅས་ཡིན་པར་གསུངས།
    བླ་རི་བ་ཕུན་ཚོགས་(Tribal Dev. Minister for H.P Govt. Funchok Rai Lari)ལགས་ཀྱིས་གསུངས་དོན་ལ། སྤི་ཏིའི་ཡུལ་མི་ད་ལྟའི་ཆ་ལ་དགུ་སྟོང་ཙམ་ཡོད་ཅིང༌། ཕྱི་ལོ་ ༡༩༣༤ ལོར་སྤི་ཏིའི་ཡུལ་མི་ ༡༨༠༠ ཙམ་ཡོད་པ་རེད། སྤི་ཏི་དང་ཁུ་ནུའི་ས་མཚམས་ལ་སུམ་མདོ་ཟེར་ཞིང༌། སྤི་ཏི་དང་ག་ཤའི་ས་མཚམས་ལ་ཀུན་འཛོམས་ཕྱོགས་སུ་ཡིན་པ་ལྟ་བུར་གསུངས་བྱུང༌། ནང་ཆེན་བ་དབང་འདུས་ལགས་ཀྱིས་གསུངས་དོན་ལ། སྔོན་མ་སྤི་ཏི་བ་ཆས་གོས་སོགས་ཡུལ་སྲོལ་བཟང་པོ་བོད་དང་གཅིག་པ་རེད་འདུག འོན་ཀྱང༌། དེང་སང་གང་ས་ཅི་ཐད་ནས་མང་པོ་ཞིག་འགྱུར་འགྲོ་གི་འདུག་ཅེས་གསུངས། སྤི་ཏི་ནས། ངག་དབང་བྱམས་པས།