རྒྱལ་སྤྱིའི་ཐོག་ཕུལ་བྱུང་གི་བུད་མེད་གསར་འགོད་པ་འགའ།
དཔའ་ངར་ཅན་གྱི་གསར་འགོད་པའི་གཟིངས་རྟགས་གོ་སྒྲིག་ཚོགས་ཆུང་གི་གཙོ་འགན་པས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བའི་ནང༌།ཐེངས་འདིའི་གསར་འགོད་པ་རྣམས་ནས་དཔའ་ངར་ཞུམ་མེད་ཀྱིས་དྲང་བདེན་གྱི་ཐོག་ནས་གསར་འགྱུར་སྤེལ་ཐབས་གནང་བ་དང༌།དཀའ་སྤྱད་སྡུག་རུས་ཀྱི་བྱུང་འབྲས་གང་བྱུང་ཡང་གདོང་ལེན་ཐུབ་པའི་བྱ་བ་ཡོངས་རྫོགས་ཀྱིས་ཁོང་ཚོ་གསར་འགྱུར་རང་དབང་གི་ཆེས་མདུན་སར་སླེབས་ཐུབ་པ་བྱུང་ཡོད་སོགས་གསུངས་པ་རེད།གནམ་བདག་ཆོས་ལུགས་ཀྱི་ཚགས་ཤོག་དེའི་རྩོམ་སྒྲིག་པ་ཁའེ་ལོ་ཨར་དེ་སྔོན་རླངས་འཁོར་ཁ་ལོ་བ་དང་སྐད་སྒྱུར་མཉམ་དུ་དབྱི་རག་རྒྱལ་ཁབ་ཀྱི་གཡུལ་ས་ནས་འཇུ་བཟུང་བྱས་ཤིང༌།མོ་རང་གི་སྐད་བསྒྱུར་དེ་མོའི་མདུན་དུ་དམག་མིས་དམར་བསད་བཏང་རྗེས་མོ་རང་ཡང་ཉིན་བརྒྱད་བཅུ་རྒྱ་གཉིས་བཀག་ཉར་བྱས་རྗེས་གཞི་ནས་སློད་གྲོལ་བཏང་ཡོད།
གཞན་ཡང་ལི་པ་ལིང་རྒྱལ་ཁབ་རྒྱང་གྲགས་སྡེ་ཚོགས་དེའི་གཙོ་སྒྲིག་པ་མའེ་ཆིའི་ཏི་ཡ་ཁེ་མཆོག་ཀྱང་མི་ངན་ཚོས་མོ་རང་སྒེར་གྱི་རླངས་འཁོར་དུ་འབར་རྫས་བཞག་བར་བརྟེན་ནས་རྐང་པ་གཡོན་དང་ལག་པ་གཡོན་གཉིས་གཏོར་ཞིང་གཤག་བཅོས་ཐེངས་ཉི་ཤུ་རྩ་དྲུག་བྱེད་དགོས་བྱུང་བ་རེད།དེ་ལྟར་དཀའ་ངལ་བསམ་བརྗོད་ལས་འདས་པའི་འོག་ཁོང་མོས་ད་དུང་གཏམ་བཤད་དུ་ང་ལ་ད་དུང་ཡང་ཉེན་ཁ་འཕྲད་བཞིན་པ་ཡིན་ཡང་ངས་མུ་མཐུད་བྱ་བ་སྤེལ་གྱི་ཡིན་གསུངས་པ་རེད།དེ་མིན་ཨ་རིའི་བདུན་རེའི་ཚགས་པའི་གཙོ་སྒྲིག་པས་ཀྱང་རྒྱ་མོ་གསར་འགོད་པ་ཀོ་ཡོས་ཀྱི་སྐོར་བརྗོད་སྐབས།རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་གསར་འགོད་པ་མང་ཤོས་འཇུ་བཟུང་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན།སྲིད་གཞུང་གི་བཀའ་ལྟར་མ་སྒྲུབ་པའི་རྩོམ་སྒྲིག་པ་དང་གསར་འགོད་པ་དེ་ཚོ་ལས་གནས་ནས་ཕྱི་ཕུད་བཏང་བ་སོགས་བྱེད་པ་དང༌།སྲིད་གཞུང་དང་རྒྱལ་ཁབ་རིམ་པའི་དྲིལ་བསྒྲགས་སྡེ་ཚན་ནས་སྤེལ་བའི་དོན་དང་མི་མཐུན་པའི་དུས་དེབ་དང་ཚགས་དེབ་ཡོངས་བཙན་དབང་གིས་བཀག་བསྡོམ་བྱས་པ་བཅས་དྲ་ལམ་དུ་མི་གྲངས་ཁྲི་སྟོང་ཕྲག་མང་པོ་བཞུགས་མཁན་ཡོད་ཀྱང༌།སྲིད་གཞུང་གིས་དེ་འབྲེལ་དོ་དམ་འཕྲུལ་འཁོར་གྱིས་མྱུར་ཞིབ་བྱེད་བཞིན་པ་རེད་ཅེས་སོགས་གསུངས་འདུག
དགོང་ལོ་དྲུག་ཅུ་ལྷག་ཏུ་ཕེབས་པའི་རྒྱ་མོ་གསར་འགོད་པ་ཀོ་ཡོས་དེ་སྔོན་རྒྱ་ནག་ཤིན་ཧ་གསར་ཁང་དུ་ལས་སྒོར་ཞུགས་པ་དང༌། བརྒྱད་ཅུ་རྒྱ་དགུ་ལོར་བདུན་རེའི་དཔའ་འབྱོར་ཚགས་དེབ་ཀྱི་འགན་གཙོ་གཞོན་པ་གནང་ཞིང༌། དེ་རྗེས་ཚགས་དཔར་དེ་སྒོ་བརྒྱབ་བཅུག་རྗེས་ཀྱི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན་སྲིད་གཞུང་འབྲེལ་ཡོད་མི་སྣས་མོ་ལམ་བར་དུ་འཇུ་བཟུང་བཙན་འཁྲིད་་བྱས་པ་མ་ཟད།ཉིན་ཤེས་རྗེས་སུ་ཁོང་མོས་དྲུག་བཞི་དོན་རྐྱེན་སྐབས་མཐོ་རིམ་མི་སྣ་དབར་འཐབ་རྩོད་ཀྱི་གནད་དོན་ཟུར་ཞིག་ཧང་ཁོང་ཅུང་གྲགས་ཆེ་བའི་ཚགས་དེབ་ཅིག་ཐོག་སྤེལ་ཞིང༌།མོ་རང་རྒྱ་ནག་སྲིད་གཞུང་གིས་ནུབ་ཕྱོགས་པར་མཁྲེགས་འཛིན་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ལ་དཔང་པོ་ཞིག་གྱུར་ཡོད་པ་རེད།
ཁོང་མོས་དགུ་ཅུ་གོ་ལྔ་ལོར་ང་རང་ལ་དཔའ་ངར་གཟིངས་རྟགས་ཐེངས་དང་པོ་ཐོབ་སྐབས་ཡིན་ལ།ཐེངས་གཉིས་པའི་འཇུས་པ་དང༌།རྒྱ་ནག་པེ་ཅིང་གྲོང་ཁྱེར་ཁུག་ཀྱོག་ཅིག་གི་བཙོན་ཁང་དུ་ཡོད།ངས་སྐབས་དེའི་རྒྱ་ནག་རྒྱལ་ཁབ་ཁྲིམས་སྲིད་ཁང་དུ་འཕྲིན་ཞིག་བཏང་སྟེ་གཟིངས་རྟགས་མཛད་སྒོར་ཐུགས་རྗེ་ལེགས་གསོལ་མཚོན་ཡོད་ཀྱང༌།འཕྲིན་ཡིག་དེ་བཙོན་པ་དོ་དམ་པས་རྩ་ཧྲར་དུ་བཏང་སོང༌སོགས་གསུངས་འདུག
དེ་སྔོན་རྒྱལ་སྤྱིའི་བུད་མེད་གསར་འགོད་ཐེབས་རྩ་ཚོགས་པས་ཁོང་མོའི་བཟའ་ཟླ་གདན་འདྲེན་ཞུས་ཀྱང་རྒྱ་ནག་སྲིད་གཞུང་གིས་མོ་རང་སྨན་བཅོས་ཀྱི་ཕྱིར་སློད་གྲོལ་གཏོང་ཆོག་ལ་བཟའ་ཟླས་མོས་མཐུན་དགོས་ལུགས་བརྗོད་པ་དེའང་རྗེས་སོ་ནས་རྫུན་གཏམ་འབའ་ཞིག་ཡིན་པར་རྟོགས་ཡོད།དགུ་ཅུ་གོ་གསུམ་ལོར་ཀོ་ཡོས་སླར་བཙོན་དུང་དུ་ཚུད་ཀྱང༌།བཀག་ཉར་གྱི་དཔང་ཡིག་ཐོག་ཉེས་མིང་གང་ཡང་འཁོད་མེད་པ་རེད།དེ་ནས་ཟླ་བ་བཅུ་གསུམ་རྗེས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་ཁྲིམས་ལོ་ངོ་དྲུག་ཕོག་ཡོད་པ་རེད།
ཁོང་མོས་རྒྱ་ནག་ནི་དུས་རབས་བཅུ་དགུར་དེང་རབས་ཀྱི་གསར་ལམ་ཁག་བསྐྲུན་པ་མ་ཚད།གསར་ལམ་ཁག་གི་ལས་བྱེད་རྣམས་ལའང་བཟང་པོའི་སྲོལ་རྒྱུན་ལྡན་ཡོད་།འོན་ཀྱང་དམར་གཞུང་གིས་སྲིད་དབང་འཛིན་རྗེས་དམངས་ཕྲོད་དུ་གཉེར་བཞིན་པའི་ཚགས་པར་རྩ་མེད་བཏང་བ་དང༌།དྲག་པོའི་ནུས་སྟོབས་ལ་བརྟེན་ནས་རྒྱ་ནག་གསར་འགོད་པའི་རང་དབང་གི་གཤིས་སྤྱོད་རྩ་གཏོར་བཏང་ཡོད་པ་རེད།དུས་རབས་བཅུ་དགུར་རྒྱ་ནག་ལ་དེང་རབས་ཀྱི་གསར་ལམ་ཁག་བཙུགས་ཡོད་ལ་གསར་འགོད་ལས་རིམ་ཁག་ཏུའང་ཕུལ་བྱུང་མི་སྣ་འབྱུང་བའི་སྲོལ་རྒྱུན་བཟང་པོ་ཡོད།འོན་ཀྱང་རྒྱ་ནག་དམར་ཤོག་གིས་སྲིད་དབང་འཛིན་རྗེས་དམངས་ཁྲོད་ཀྱི་ཚགས་ཤོག་མེད་པར་བཟོས་ཤིང༌།ཆབ་སྲིད་ཀྱི་དྲག་ཤུགས་ལ་བརྟེན་ནས་རྒྱ་ནག་གསར་འགོད་པའི་རང་དབང་གི་རྣམ་པ་དེ་རྩ་མེད་བཟོས་ཡོད་པ་རེད།
སྲིད་གཞུང་རང་ངོས་ནས་མི་རྣམས་ཀྱིས་ལོ་རྒྱུས་བརྗེད་དུ་འཇུག་དགོས་པ་བཤད་ཅིང་དོན་དངོས་གཡོ་འགེབ་དགོས་པར་བཤད་ཡོད།དངོས་ཡོད་གནས་ཚུལ་བཀོད་མཁན་གྱི་གསར་འགོད་པ་ཚང་མ་ཕྱི་ཕུད་བཏང་བ་རེད་ལ་།དེ་བས་ཚབ་ཆེན་གྱི་བྱ་བའང་སྤེལ་གྱི་ཡོད་པ་རེད།དེ་སྔོན་རྒྱ་ནག་གི་གྲགས་ཆེན་གསར་འགོད་པ་ཧྲི་ལེང་ཚེས་ཁྱོད་ལ་མེ་མདའ་ཡོད་ན་།ང་ལ་སྨྱུ་གུ་ཡོད་ཅེས་པ་ལྟར་རེད།དྲག་ཤུགས་ངོས་ནས་མི་རྣམས་ཁོ་ལ་ཞེད་སྣང་དགོས་པར་འདོད་ཡོད།གསར་འགོད་མིན་པའི་རྒྱ་ནག་མི་དམངས་ཡོངས་རྫོགས་ཁོའི་སྲིད་དབང་ལ་ཞེད་སྣང་བྱེད་དུ་འཇུག་གི་ཡོད།དེང་དུས་འཆམ་མཐུན་ཟེར་བ་བཤད་ནའང་དེ་ནི་ལག་ཏུ་མེ་མདའ་ཐོག་སྟེ་དཀྱུས་དམངས་ཡོངས་སར་བསྙལ་ཐུབ་ན་དེར་འཆམ་མཐུན་ཟེར་གྱི་ཡོད་པ་འདྲ།དེར་བརྟེན།དེར་ཞེ་སྣང་སྐྱེ་དགོས་དོན་མེད།གལ་ཏེ་དེ་འདྲ་ཡིན་ན་རྒྱ་ནག་གི་མདུན་ལམ་དང་གཞན་ཡོངས་རྫོགས་ཚར་སོང་བ་རེད།ཅེས་སོགས་གསུང་འདུག
དེ་བཞིན་རྒྱ་མོ་གསར་འགོད་པ་ཀྲུའུ་ཡོས་ཕྱིའི་རྒྱལ་ཁབ་ཀྱི་རྒྱ་ནག་ལ་ཕན་རོགས་ཉག་ཅིག་དེ་ནི་དོན་དངོས་ཀྱི་གནད་དོན་དེ་དག་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཚོས་ཤེས་སུ་འཇུག་དགོས་པ་དེ་རེད།གང་ཡིན་ཟེར་ན།ཕྱི་ཡུལ་ནས་རྒྱ་ནག་གི་དོན་དག་སྔར་བས་གསལ་པོ་ཤེས་ཐུབ་པས་ཡིན།ཞེས་གསུང་ཡོད།
དེ་སྔོན་མོ་རང་ལ་རྒྱལ་སྤྱིའི་ཚགས་ཤོག་འགྲེམ་སྤེལ་ལྷན་ཁང་གིས་ཧྥ་རན་སིའི་པ་ལི་གྲོང་ཁྱེར་དབུས་ནས་རང་དབང་གསར་འགོད་ཀྱི་གཟིངས་རྟགས་ཐོབ་པ་དང༌།མཉམ་འབྲེལ་རྒྱལ་ཚོགས་ཤེས་བྱ་ཚན་རིག་ཁང་གིས་གསར་འགོད་པའི་གཟིངས་རྟགས་དང༌ས་མཚམས་མེད་པའི་གསར་འགྱུར་གཟིངས་རྟགས་།འཛམ་གླིང་སྤྱི་ཡོངས་དུས་རབས་ཉེར་གཅིག་པའི་གསར་འགོད་རང་དབང་གི་དཔའ་མོའི་གཟིངས་རྟགས་བཅས་ཐོབ་ཡོད་པ་རེད་འདུག་གོ།
