ཤེས་ཡོན་སྲིད་བྱུས་གསར་པར་མོས་མཐུན་ཡོད་དམ།
ཡིན་ནའང་བསྒྱུར་བཅོས་གཏོང་རྒྱུ་ལས་སླ་པོ་མ་རེད། ད་ལྟའི་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་དེ་སློབ་གྲྭ་ཚང་མའི་ནང་ལག་བསྟར་བྱས་ན། རྩ་བའི་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་མི་འདུག ང་ཡོད་སའི་མཐོ་སློབ་དེ་མཱ་དྷ་ར་སིའི་མཐོ་རིམ་སློབ་གྲྭ་སྐད་གྲགས་ཅན་ཞིག་རེད། དེའི་ནང་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་ཡོང་བའི་སློབ་མ་བརྒྱད་སྟོང་ལྷག་ཅིག་ཡོད་པ་རེད། ཁོང་ཚོ་གཞི་རིམ་སློབ་གྲྭའི་སློབ་ཚན་ཧིན་དྷིའི་ཡི་གེ་ཡིན་པ་དང། ཏ་མིལ་གྱི་ཡི་གེ་ཡིན་པ་སོགས་འདྲ་མིན་རེད། མཐོ་སློབ་ནང་དུ་གཅིག་གྱུར་གྱིས་དབྱིན་ཡིག་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། མཚམས་རེར། ཟླ་བ་གཅིག་གཉིས་རིང་སྐད་ཀྱི་ཐོག་ནས་དཀའ་ངལ་ཅུང་འཕྲད་པ་ལས། དཀའ་ངལ་ཆེན་པོ་ཡོད་པ་མ་རེད། ང་ཚོ་ཡིན་ནའང་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་མི་འདུག ང་ཡོད་སའི་འཛིན་གྲྭ་གཅིག་པུའི་ནང་རྒྱ་གར་གྱི་མངའ་སྡེ་བཅུ་བཅོ་ལྔའི་ནང་ནས་ཡོང་མཁན་ཡོད་པ་རེད། དེ་ཚོར་བལྟས་ནའང་དཀའ་ངལ་ཡོད་པ་ཞིག་མཐོང་གི་མི་འདུག འཕྲིན་ལས་ཆོས་སྒྲོན་ནི་ལྷོ་ཕྱོགས་བྷེལ་ཀོབ་ཏུ་སྐྱེས་པ་དང། ཆུང་དུས་ནས་རྒྱ་གར་གྱི་སློབ་གྲྭར་བསྐྱོད་པ་དང། ད་ལྟ་མེང་ལོར་གཙུག་ལག་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཁོང་གིས་གསུང་དོན། བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་དེ་ལག་བསྟར་བྱས་ན། དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག ཀ་ན་ཊ་ཀའི་གཞི་རིམ་སློབ་གྲྭའི་ནང་སློབ་མཐར་ཕྱིན་པ་དང། མཐོ་སློབ་ནང་དུ་དབྱིན་ཡིག་ཐོག་སློབ་སྦྱོང་བྱེད་དགོས་པས། ཁོང་ཚོར་དཀའ་ངལ་འཕྲད་ཀྱི་འདུག ཟམ་གདོང་རིན་པོ་ཆེས་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱེད་སྟངས་མ་འགྲིག་པ་རེད་གསུངས་སོང། ཡིན་ནའང་དྷ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་ལ་ཟམ་གདོང་རིན་པོ་ཆེས་གཟིགས་ཀྱི་ཡོད་པ་རེད་མོད། སློབ་གྲྭ་ཚང་མའི་ནང་ཟམ་གདོང་རིན་པོ་ཆེ་ཡང་ཡང་ཕེབས་ནས་གཟིགས་ཐུབ་ཀྱི་ཡོད་པ་མ་རེད། དབྱིན་ཡིག་སློབ་སྟངས་དེ་ཡར་རྒྱས་འགྲོ་ཡི་རེད་གསུངས་པ་དེ་དངོས་ཡོད་རེད་མི་འདུག་བསམ་གྱི་འདུག ྋསྐྱབས་མགོན་རིན་པོ་ཆེས་བོད་པ་ལ་རིགས་གཅིག་རྐང་འཛིན་མི་འདུག་གསུངས་པ་རེད། དེ་བཞིན་ཟམ་གདོང་རིན་པོ་ཆེས་དེ་རིང་གསུངས་སོང། ང་ཚོར་བོད་ཡིག་ཐོག་ནས་རིགས་གཅིག་རྐང་འཛིན་དགོས་པ་ཡིན་ན། མཐོ་སློབ་ཡང་བོད་ཡིག་དགོས་པ་དང། སློབ་ཚན་ཚང་མ་བོད་ཡིག་ནང་སྦྱོང་དགོས་པ་རེད། འཛམ་གླིང་ཚང་མར་འགྱུར་བ་འགྲོ་ཡི་ཡོད་པ་རེད། རྒྱ་ནག་ཡིན་ནའང་དབྱིན་ཡིག་ཡར་རྒྱས་གཏོང་གི་ཡོད་པ་རེད། ཕྱི་ལོག་ཏུ་ཡོད་སྐབས་སློབ་ཚན་ཡོངས་རྫོགས་བོད་ཡིག་མ་བྱས་ན་ཡག་གི་རེད་བསམ་གྱི་འདུག མཐོ་རིམ་སློབ་གྲྭར་སླེབས་དུས་དབྱིན་ཡིག་སྦྱོང་དགོས་པ་རེད། སོ་སོའི་སློབ་ཚན་སྦྱོང་དགོས་པ་རེད། དེའི་བར་ནས་རིགས་གཅིག་རྐང་འཛིན་ཆགས་པ་ཕར་ཞོག།སོ་སོའི་སློབ་ཚན་ཡིག་རྒྱུགས་འཕྲོད་ཙམ་ལས་ཡོང་གི་མ་རེད། དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་བསམ་གྱི་འདུག བོད་ཡིག་ཡང་གལ་ཆེན་པོ་རེད། ངས་ཀ་ན་ཊ་ཀའི་སྐད་ཡིག་ཡག་པོ་ཤེས་ཀྱི་ཡོད། ཁོང་ཚོས་དགའ་པོ་ཡང་བྱེད་ཀྱི་འདུག ཡིན་ནའང་ང་རང་གི་གྲོགས་པོ་གྲོགས་མོ་ཚོར་ངས་བོད་ཡིག་ཤེས་ཀྱི་མེད་ཟེར་དུས། འཚེར་སྣང་བྱེད་ཀྱི་འདུག རྒྱ་གར་སློབ་གྲྭར་འགྲོ་མཁན་ཚང་མས་བོད་ཡིག་བོད་སྐད་ཡང་སྦྱོང་དགོས་ཀྱི་འདུག
བསྟན་འཛིན་ལྷུན་འགྲུབ་ནི་༡༩༩༦ ལོར་བོད་ནས་ཡོང་བ་དང། དྷ་སྟེང་བོད་ཁྱིམ་དང། བྷེལ་ཀོབ་སློབ་གྲྭའི་ནང་ནས་གཞི་རིམ་སློབ་གྲྭ་མཐར་ཕྱིན་པ་དང། ད་ལྟ་ཏིལ་ཇི་ས་གནས་ཀྱི་མཐོ་སློབ་ནང་ཚོང་རིགས་ཐོག་སློབ་སྦྱོང་བྱེད་བཞིན་པ་རེད། ཁོང་གིས་གསུང་དོན། ཤེས་ཡོན་སྲིད་བྱུས་གསར་པ་དེ་ལག་བསྟར་བྱས་ན། དང་པོ་དཀའ་ངལ་འཕྲད་ཀྱི་རེད་བསམས་སོང། ཡིན་ནའང། སོ་སོས་བྱེད་ཀྱི་ཡོད་པ་ཞིག་རེད། ཟམ་གདོང་རིན་པོ་ཆེས་གསུངས་པ་ནང་བཞིན་རེད། ཏ་མིལ་མངའ་སྡེའི་ནང་དུ་ང་ཡོད་པ་རེད། དེའི་ནང་གི་སློབ་མ་ཚང་མ་འཛིན་གྲྭ་བཅུ་གཉིས་བར་དུ་ཏ་མིལ་གྱི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱས་པ་རེད། མཐོ་རིམ་སློབ་གྲྭར་སླེབས་དུས་དབྱིན་ཡིག་ཡག་པོ་ཤེས་ཀྱི་མི་འདུག་མོད། ཁོ་རང་ཚོའི་སྐད་ཡིག་ཐོག་ཏུ་མ་རྩ་ཡག་པོ་ཡོད་ན། དབྱིན་ཡིག་ཐོག་ནས་ལམ་སང་ཤེས་ཐུབ་ཀྱི་འདུག སྔོན་མ་ང་ཚོར་གཞི་རིམ་སློབ་གྲྭའི་ནང་སློབ་ཚན་ཚང་མ་དབྱིན་ཡིག་ཐོག་ཡོད་པ་རེད། དབྱིན་ཡིག་སྦྱོང་བརྡར་ཡག་པོ་བྱས་ན། རྗེས་མ་སྐད་ཆ་བཤད་སྐབས་དཀའ་ངལ་མི་འདུག།
ལྷ་མོ་ཚེ་རིང་ནི་ལོ་༨ ཡིན་སྐབས་བོད་ནས་ཡོང་བ་དང། གྷོ་པལ་པུར་དང། བྷེལ་ཀོབ་ནས་གཞི་རིམ་སློབ་གྲྭ་མཐར་ཕྱིན་པ་དང། ད་ལྟ་བྷེང་ལོར་མཐོ་སློབ་ནང་དུ་ཚོང་རིགས་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཁོང་གིས་གསུང་དོན། ང་ཚོའི་སྐབས་འཛིན་གྲྭ་བརྒྱད་པ་བར་དུ་སློབ་ཚན་ཚང་མ་བོད་ཡིག་ཐོག་སྦྱངས་པ་དང། དེ་རྗེས་དབྱིན་ཡིག་ཐོག་སྦྱངས་ནས། ངག་སྐྱོར་མང་པོ་འདྲ་བཏང་ནས་བསྡད་པ་རེད། མཐོ་རིམ་སློབ་གྲྭར་སླེབས་དུས་རྒྱ་གར་དང་མཉམ་དུ་བསྡུར་རྒྱུ་ཁག་པོ་འདྲ་ཡོད་པ་རེད། ད་ལྟ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་སྤྱིར་བཏང་ཡག་པོ་རེད་མོད། མཐོ་རིམ་སློབ་གྲྭར་འགྲོ་དུས་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག།སྤྱིར་བཏང་ང་ཚོའི་སློབ་མ་མཐོ་སློབ་ནང་རྒྱ་གར་མི་ལས་སྐྱོ་བ་ཡོད་པ་མ་རེད།།