གཞོན་སྐྱེས་ཚོས་འོས་བསྡུའི་ཆ་ཤས་ལེན་སྟངས་སྐྱོ་བོ་རེད།
བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་དང། ཕ་ཡུལ་དྲ་ཚིགས་དང་བསྟན་ནོར་བརྡ་འཕྲིན་གཉིས་ཀྱི་ཐད་གཏོང་མཐུན་འགྱུར་འོག ཕྱི་ཟླ་༢༠ ཕྱི་དྲོ་ཆུ་ཚོད་ ༤ སྟེང་བོད་གཞུང་ཟློས་གར་ཚོགས་ཁང་ནང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་་རྣམ་གཉིས་ཀྱིས་སྐྱ་སེར་མི་མང་དང་ལྷན་དུ། འབྱུང་འགྱུར་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང༌། ཚོགས་ཞུགས་པ་དང་ཕྱི་རྒྱལ་ཁག་ནས་དྲ་བ་བརྒྱུད་དྲི་བ་བཏང་བ་ཁག་ལ་ལན་འདེབས་བཅས་གནང་ཡོད་པ་མ་ཟད། ཉིན་དེར་༧གོང་ས་མཆོག་གིས་མང་གཙོའི་ལམ་སྲོལ་ལྟར། བཀའ་བློན་ཁྲི་པ་འོས་འདེམས་ཀྱི་ལས་རིམ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་དང༌། ཆོས་སྲིད་ཟུང་འབྲེལ་ལ་གོ་པ་ལེན་ཕྱོགས་བཅས་ཀྱི་ཐད་བཀའ་སློབ་གནང་བའི་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་བློན་ཁྲི་པའི་འོས་ཤོག་དང་དེར་འཁྲི་བའི་གཞོན་སྐྱེས་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ང་ཚོའི་མང་གཙོའི་འཕེལ་རིམ་དེ་རིམ་པ་གསུམ་ལ་དབྱེ་དགོས་པ་རེད། རིམ་པ་དང་པོ་ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་དང༌། རིམ་པ་གཉིས་པ་ ༡༩༩༡ ནས་ ༢༠༠༡ བར་དང། ༢༠༠༡ ལོ་རིམ་པ་གསུམ་པ་རེད། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ། མང་གཙོའི་འཕེལ་རིམ་ཐོག་ལ་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད་པ་དང། བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་ཤིག་ལ་འགྱུར་བ་ཐེབས་འགྲོ་ཡི་ཡོད་པ་རེད། ང་རང་ལ་མཚོན་ནའང་རྒྱ་གར་ནས་སྐྱེས་པའི་ཕྲུ་གུ་ཞིག་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་འགན་འཁུར་རྒྱུའི་དུས་ཚོད་ཅིག་སླེབས་བསྡད་ཡོད་པ་རེད། བོད་ནས་སྔོན་མ་སླེབས་པའི་མི་རབས་རྒན་གྲས་ཚོ་ཡོལ་ཟིན་པ་རེད། ད་ལྟ་བཙན་བྱོལ་བོད་གཞུང་འཛིན་སྡོད་མཁན་དེ་བོད་ནས་ཆུང་དུས་ནས་སླེབས་པ་དེ་ཚོ་རེད། ལོ་ལྔ་དང་བཅུའི་ནང་རྒྱ་གར་ནང་དུ་སྐྱེས་པ་དང། རྗེས་སུ་བོད་ནས་འབྱོར་བ་ཚོས་བཙན་བྱོལ་བོད་གཞུང་འཛིན་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། མི་རབས་བརྗེ་བོ་བརྒྱབ་ཡོང་དུས་ལོ་ཆུང་བ་ཚོས་བོད་ཀྱི་རྩ་དོན་ལ་འགན་འཁུར་རྒྱུའི་དུས་ལ་བབས་ཡོད་པ་དང། མང་གཙོའི་འཕེལ་རིམ་ཐོག་ལ། ཐོག་མའི་ལོ་ ༣༠ རིང་ང་ཚོས་༧གོང་ས་མཆོག་གི་དགོངས་དོན་བཞིན་འགྱུར་བ་ཆེན་པོ་གཏོང་ཐུབ་ཡོད་པ་མ་རེད། རྗེས་སུ་འགྱུར་བ་སོང་བ་དེ་ཚོ་ཡང་ྋརྒྱལ་བ་རིན་པོ་ཆེས་མར་བཀའ་གནང་ནས་འགྱུར་བ་བཏང་བཞག་པ་མ་གཏོགས། ང་ཚོས་བསམ་བློ་བཏང་སྟེ་མང་གཙོའི་འཕེལ་རིམ་ཐོག་འགྱུར་བ་ཕྱིན་པ་ཡོང་གི་ཡོད་པ་མ་རེད། ད་ལྟའང་༧གོང་ས་མཆོག་གིས་མ་འོངས་པའི་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་ཤིག་དང༌། བྱུང་ན་བུད་མེད་ཅིག་ཡོང་ན་ཡག་པོ་ཡོང་གི་རེད་ཅེས་བཀའ་ཕེབས་ཡོད་པ་རེད། མི་མང་ཚོས་ཀྱང་༧གོང་ས་མཆོག་གི་དགོངས་པ་གཞི་ལ་བཞག་སྟེ། འོས་བསྡུའི་སྐབས་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད།
བཀའ་བློན་ཁྲི་པར་གཞོན་སྐྱེས་ཤིག་སླེབས་དགོས་པ་གང་ཞིག་ལ། གཞུང་ཞིག་གི་འགན་འཁུར་དགོས་ཀྱི་ཡོད་པས། ང་རང་གི་བསམ་ཚུལ་ལ། ཆ་རྐྱེན་དང་པོ་དེ་མ་འོངས་པའི་བཀའ་བློན་ཁྲི་པ་དེ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་འགྲོ་མཁན་ཞིག་དང༌། དེའི་ཐོག་ད་ལྟའི་བཀའ་ཤག་གི་སྲིད་བྱུས་རྒྱུན་བསྐྱང་ཐུབ་མཁན་ཞིག་བྱུང་ན་ཕན་ཐོགས་ཀྱི་རེད་བསམ་གྱི་ཡོད། བཀའ་བློན་ཁྲི་པ་དེ་ཤེས་ཡོན་གཅིག་པུ་ལས་འཇོན་ཐང་མེད་ན་འགྲིག་གི་མ་རེད་ལ། འཇོན་ཐང་གཅིག་པུ་ལས་ཤེས་ཡོན་མེད་ནའང་འགྲིག་གི་མ་རེད། བོད་པའི་བདེན་མཐའ་བསལ་ཆེད་འཕྲལ་ཕུགས་གཉིས་ཀར་བསམ་བློ་གཏོང་ཐུབ་མཁན། འཕྲལ་སེལ་ད་ལྟའི་བཙན་བྱོལ་གྱི་གནས་སྟངས་ནང་བོད་མིའི་བདེ་སྡུག་ལ་ལྟ་ཐུབ་མཁན་དང། ཕུགས་ལ་བོད་དོན་བདེ་མཐའ་སེལ་བའི་དགོངས་པ་རྒྱ་ཆེན་པོ་དང་གུ་ཡངས་པོ་ཡོད་མཁན་ཞིག་དགོས་པ་རེད། དེའི་ཐོག་ལ། དངོས་ཡོད་གནས་སྟངས་གཞིར་བཞག་སྟེ། དེང་གི་རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་འགྱུར་འགྲོས། བོད་ནང་གི་ཛ་དྲག་གི་གནས་སྟངས་དངོས་ཡོད་གཞིར་བཞག་སྟེ། སོ་སོའི་རྣམ་དཔྱོད་ལྡན་པའི་ྋརྒྱལ་བ་རིན་པོ་ཆེར་སྙན་སེང་ཞུ་ཐུབ་མཁན་ཞིག་དགོས་པ་རེད།
ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་འོས་ཤོག་བླུགས་མཁན་ཧ་ཅང་ཉུང་ཉུང་རེད། ལྷག་པར་དུ་གཞོན་སྐྱེས་ཚོས་འོས་བསྡུའི་ཆ་ཤས་ལེན་སྟངས་སྐྱོ་བོ་རེད། བོད་ནང་ལ་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད་པ་མ་རེད། བཙན་བྱོལ་རང་དབང་ལུང་པའི་ནང་འགན་འཁུར་དགོས་པ་རེད། ལྷག་པར་དུ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། ཆབ་སྲིད་ལ་དོ་སྣང་བྱ་དགོས་པ་དང། བདམས་ཟིན་པའི་སྤྱི་འཐུས་ཡིན་ན་འདྲ་ལ། བཀའ་བློན་ཡིན་ནའང་འདྲ། ཁོང་ཚོས་ལས་དོན་བྱེད་ཕྱོགས་ལ་དུས་རྒྱུན་རྟོག་ཞིབ་བྱ་དགོས་པ་གལ་ཆེན་པོ་རེད་མོད། ད་ལྟ་བར་དུ་འདོད་པ་ཡོད་པ་ནང་བཞིན་ཡོང་ཐུབ་ཡོད་པ་མ་རེད། མང་གཙོའི་སྲིད་གཞུང་ཞིག་ལ། གཞུང་བརྗེ་བོ་རྒྱག་རྒྱུའི་དབང་ཚད་དེ་མི་མང་ལ་ཡོད་པ་རེད། མི་མང་གིས་འགན་དེ་མ་ཁུར་བ་ཡིན་ན། མི་མང་གི་ངོས་ནས་འཐུས་ཤོར་བཏང་བ་ལ་ངོས་འཛིན་བྱེད་དགོས་པ་རེད་བསམ་གྱི་འདུག གལ་སྲིད་འོས་ཤོག་བླུག་སར་སོང་མེད་ན། གཞུང་གི་བྱེད་སྟངས་འགྲིག་མིན་གྱི་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ཡང་ཨེ་ཡོད་ན་བསམ་གྱི་འདུག གང་ཡིན་ཟེར་ན། སོ་སོའི་ལས་འགན་འགྲུབ་ཡོད་པ་མ་རེད། སྤྱི་ཚོགས་ནང་ཆ་སྲིད་ཀྱི་གོ་རྟོགས་ཡག་པོ་དགོས་པ་དེ་ཧ་ཅང་གལ་ཆེནཔོ་རེད། མ་འོངས་བཀའ་བློན་ཁྲི་པའི་ཐད། ད་ལྟའི་བཀའ་བློན་བགྲེས་པ་ཡིན་ན་འདྲ། སྤྱི་འཐུས་རྒན་པ་ཚོ་ཡིན་ནའང་འདྲ། གཞུང་ཞབས་མ་ཡིན་པའི་སྤྱི་ཚོགས་ནང་གི་བོད་དོན་ལ་འགན་འཁུར་མཁན་སུ་ཞིག་ཡིན་ནའང༌། ཁོང་ཚོའི་རྒྱབ་ལྗོངས་ཀྱི་གནས་སྟངས་དང༌། ལྟ་བ་ལངས་ཕྱོགས། ནམ་རྒྱུན་གྱི་ལས་དོན་བྱེད་སྟངས་སོགས་ལ་དུས་རྒྱུན་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མི་གཅིག་ནས་གཅིག་བརྒྱུད་དེ་འོས་ཤོག་ཁོང་ལ་བླུགས་ན་ཡག་པོ་ཡོད་པ་རེད་ཅེས་བརྗོད་ན། སོ་སོའི་མངོན་འདོད་མཚོན་པའི་སྐུ་ཚབ་ཅིག་སླེབས་ཐུབ་ཡོད་པ་མ་རེད། བཀའ་བློན་ཁྲི་པར་སྡོད་མཁན་དེ་མང་ཚོགས་ནང་མར་སོང་ནས་ང་བཀའ་བློན་ཁྲི་པ་ཆགས་ན་ལས་དོན་འདི་འདྲ་བྱེད་ཀྱི་ཡིན་ཞེས་བགྲོ་གླེང་ཡོང་གི་ཡོད་པ་མ་རེད། མ་འོངས་པ་ན་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་སོང།
ཚོགས་གཙོ་མཆོག་གིས་མུ་མཐུད་གསུང་དོན། ༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་བའི་མང་གཙོའི་ལམ་སྲོལ་ཐོག་ལ་ང་ཚོས་དོ་སྣང་ག་ཚོད་སྤྲོད་ཀྱིན་ཡོད་མེད། འོས་ཤོག་བླུག་སྐབས་ཆ་ཤས་ལེན་སྟངས་ལས་རྟོགས་ཐུབ་ཀྱི་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་འོས་བསྡུའི་སྐབས་སུ། དེབ་སྐྱེལ་བྱེད་མཁན་ལྔ་ཁྲི་སུམ་སྟོང་ ༥༣༠༠༠ ལྷག་འདུག འོས་བླུག་མཁན་༣༢༨༨༠ མ་གཏོགས་ཡོད་པ་མ་རེད། དེབ་སྐྱེལ་བྱེད་མཁན་དང་འོས་བླུག་མཁན་གྱི་བརྒྱ་ ༦༡ ཙམ་རེད། སྐབས་བཅུ་གཉིས་པར་དེ་ལས་མར་ཆག་སྟེ། བརྒྱ་ཆ་ ༥༨ རེད། སྐབས་བཅུ་གསུམ་ལ་ཕྲན་བུ་ཡར་འཕར་ཏེ་བརྒྱ་ཆ་ ༦༠ རེད། སྐབས་བཅུ་བཞི་པར་དེབ་སྐྱེལ་བྱེད་མཁན་༨༢༦༢༠ འདུག འོས་བླུག་མཁན་ ༤༣༣༠༢ རེད། དེབ་སྐྱེལ་བྱེད་མཁན་ལས་འོས་བླུག་མཁན་བརྒྱ་ཆ་ ༥༢ རེད། ད་ལྟ་འགྲོ་བཞིན་པའི་མི་འབོར་ཞིབ་བཤེར་ལ་ཚོད་དཔག་བྱས་ན། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཆིག་འབུམ་སུམ་ཁྲི་ལྔ་སྟོང་ནས་བཞི་ཁྲིའི་བར་རེད། དེའི་ནང་ལོ་བཅོ་བརྒྱད་མན་ཆད་༢༧༠༠༠ ཙམ་རེད། དེ་དག་ཕུད་དེ་འོས་བསྡུའི་ཐོབ་ཐང་ཡོད་མཁན་ཆིག་འབུམ་ཉིས་ཁྲི་ལྷག་ཡོད་ཀྱང། དེའི་ནང་ནང་༤༣༠༠༠ བོད་མི་འོས་བླུག་ཆོག་པའི་བརྒྱ་ཆ་ ༣༩ ཙམ་གྱིས་སྤྱི་འཐུས་ ༤༣ ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
༢༠༠༡ ལོར་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱེད་སྐབས། དེབ་སྐྱེལ་བྱེད་མཁན་༦༧༣༧༦ འདུག དངོས་སུ་འོས་བླུག་མཁན་༣༥༡༨༤ ཙམ་ལས་མི་འདུག དེབ་སྐྱེལ་བྱེད་མཁན་གྱི་བརྒྱ་ཆ་༥༢ ལས་ཟིན་མེད། བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་མང་དུ་ཕྱིན་ཏེ་༧༢༠༠༠ ཡོད་ཀྱང། འོས་བླུག་མཁན་ཉུང་དུ་ཕྱིན་ནས་༣༢༢༠༥ ལས་མི་འདུག བརྒྱ་ཆ་ ༤༤ ལྷག་རེད། མི་འབོར་ཆིག་འབུམ་ཉིས་ཁྲི་ལས་བརྒྱ་ཆ་ ༢༩ ཙམ་ལས་ཆ་ཤས་བླངས་ཡོད་པ་མ་རེད། རང་དབང་ལུང་པ་ནས་མང་གཙོའི་ཆ་ཤས་ལེན་མ་ཐུབ་པ་ཡིན་ན། མ་འོངས་པའི་ང་ཚོའི་མང་གཙོའི་གནས་སྟངས་གསལ་བོ་རེད། ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་འོས་བླུག་མཁན་ཧ་ཅང་ཉུང་ཉུང་རེད། སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང། སྐབས་བཅུ་བཞི་བའི་སྤྱི་འཐུས་འོས་བསྡུའི་སྐབས། འོས་བསྡུ་ལྷན་ཁང་གི་ངོས་ནས་ཅན་ངྡི་གྷར་དང་མང་ལོར་མཐོ་རིམ་སློབ་མའི་ཆེད་དུ་ས་གནས་འོས་བསྡུ་ལྷན་ཁང་བཙུགས་འདུག འོན་ཀྱང། འོས་བླུག་མཁན་གཅིག་ཀྱང་བྱུང་མི་འདུག དེ་ལ་གཞིགས་ན། གཞོན་སྐྱེས་ཚོས་མང་གཙོའི་ཐད་དོ་སྣང་ཅི་ཙམ་སྤྲོད་ཀྱི་ཡོད་པ་ཡང་གསལ་བོ་རེད་ཅེས་སོགས་འོས་བསྡུའི་གལ་གནད་ཀྱི་སྐོར་ལ་གསུང་བཤད་གནང་སོང།
