བཀྲེས་སྐོམ་གྱི་དཀའ་ངལ་འདུག

    དེ་ཡང་རྒྱལ་ཚོགས་ཀྱི་ཟས་དང་སོ་ནམ་ཞིང་ལས་ཀྱི་ཚོགས་པའི་ངེས་སྟོན་པས། འཛམ་གླིང་ནང་ཟས་ཀྱི་དཀའ་ངལ་ཡོད་པའི་མི་འབོར་མང་དུ་འགྲོ་བཞིན་པ་འདི་ནི། མངོན་གསལ་མེད་པར་འཛམ་གླིང་ཞི་བདེ་དང། བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པའི་གནད་དོན་ཞིག་རེད་ཅེས་བརྗོད་ཡོད་པ་རེད། རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་དུ། དཀའ་ངལ་ཡོད་མཁན་མི་འབོར་ས་ཡ་༦༤༢ ཡར་རྒྱས་འགྲོ་བཞིན་པའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་རྣམས་ཡིན་པ་དང༌། དེ་བཞིན་ཨ་ཧྥི་རི་ཁའི་ས་ཁུལ་ཁག་ཏུ་ས་ཡ་༢༦༥། ལཱེ་ཊིན་ཨ་མི་རི་ཁར་ས་ཡ་༥༣། ཤར་དཀྱིལ་དང་བྱང་ཨ་ཧྥི་རི་ཁར་ས་ཡ་༤༢། ཡར་རྒྱས་སོང་ཟིན་པའི་རྒྱལ་ཁབ་ཁག་ལ་ས་ཡ་༡༥ ཡོད་པ་རེད་ཅེས་འཁོད་ཡོད་པ་རེད།
    རྒྱལ་ཚོགས་ཀྱི་མགྲིན་ཚབ་པས། འཛམ་གླིང་ནང་བཀྲེས་སྐོམ་གྱི་དཀའ་ངལ་ཆེན་པོ་འདི་འདྲ་བ་ང་ཚོ་འགྲོ་བ་མིའི་ལོ་རྒྱུས་ནང་ཐེངས་དང་པོ་རེད། ང་ཚོས་དཀའ་ངལ་འདི་སེལ་ཆེད་དུ་སོ་ནམ་ཞིང་ལས་ཐད་ལ་མ་རྩ་གང་མང་འཇོག་རྒྱུའི་འབད་བརྩོན་བྱེད་དགོས་པ་དང༌། དེ་བཞིན་སོ་ནམ་ཞིང་ལས་ཀྱི་མཐུན་རྐྱེན་ཡོད་པའི་མི་རྣམས་གྲོང་ཁྱེར་ཆེ་ཁག་ཏུ་ལས་འཚོལ་ལ་མི་ཡོང་བར། ངེས་པར་དུ་ཟས་རིགས་ཐོན་སྐྱེད་ལ་འབད་བརྩོན་མ་བྱས་ན་དཀའ་ངལ་འཕར་མ་འཕྲད་སྲིད་པ་རེད་ཅེས་བརྗོད་ཡོད་པ་རེད། འཛམ་གླིང་ཁྲོམ་ར་ཉམས་གུད་འགྲོ་བ་དང་བསྟུན་ནས་གྲོང་ཁྱེར་ཆེ་ཁག་ཏུ་བཟོ་རིགས་དང་འཕྲུལ་ལས་ཀྱི་ལས་མི་མང་པོ་ལས་མེད་པ་ཆགས་པ་དང༌། ཕྱོགས་མཐའ་ཁག་ནས་ཡོང་བའི་ལས་འཚོལ་བ་ཚོ་ལས་མེད་དང་མཉམ་དུ་ཕུང་གསོག་ཐེབས་ནས། དེང་སྐབས་གྲོང་ཁྱེར་ཁག་གི་ཟས་རིགས་ཀྱི་གོང་ཚད་ལྡབ་གཉིས་གསུམ་རེ་འཕར་ཆ་ཆེ་བའི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།