གསར་འགྱུར་བརྒྱུད་ལམ་བཀག་འགོག་ལ་ཤུགས་སྣོན།
ཨ་མདོ་བླ་བྲང་གི་ཕྱོགས་ནས་བུད་མེད་ཅིག་གིས་བརྗོད་པ་ལྟར་ན། ད་ལོའི་ཕྱི་ཟླ་༤ ནང་ཀན་ལྷོ་རྒྱང་བསྒྲགས་ལས་ཁང་གི་ལས་བྱེད་ཁག་ཅིག་འབྱོར་ནས་ཨེ་ཤ་ཡའི་རླུང་འཕྲིན་སོགས་ཀྱི་ཏར་འཕྲིན་རྣམས་མེད་པ་བཟོས་ཡོད་སྐོར་དང། ཁོང་ཚོས་རྒྱ་གཞུང་གིས་ངོས་སྦྱོར་ཡོད་པའི་བརྒྱུད་ལམ་ཁག་ལ་ལྟ་སའི་གློག་ཆས་རྣམས་གསར་འཛུགས་བྱས་པ་རེད། རྒྱ་ནག་དབུས་གཞུང་དང་མངའ་སྡེའི་དབང་ཚད་ཀྱིས་ལམ་སྟོན་ལག་བསྟར་བྱེད་ཀྱི་ཡོད་པ་རེད། སྐབས་དེར་རྒྱ་ནག་གི་རྒྱང་བསྒྲགས་ཁང་གིས་ལས་བྱེད་ཚོས་རྒྱ་གཞུང་གིས་བཏང་བའི་ཡིག་ཆའི་ངོ་བཤུས་རྣམས་རིན་མེད་ཐོག་འགྲེམས་སྤེལ་བྱས་ཡོད་པ་དང། ཡིག་ཆ་འདིའི་ནང་སྲིད་གཞུང་གི་ལམ་སྟོན་ལྟར་སུས་གློག་འཕྲིན་གྱི་སྐུད་པ་བཅད་པ་ཡིན་ན། རྒྱལ་ཁབ་ཀྱི་ཁྲིམས་ལ་ཐུག་དགོས་པ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། ཀན་ལྷོའི་ཁུལ་ནས་འདས་པའི་ལོ་ཤས་རིང་རྒྱ་གཞུང་གི་དྲག་གནོན་དང་དྲག་དམག་ལ་ངོ་རྒོལ་ཐེངས་མང་བྱས་ཡོད་པས། རྒྱ་གཞུང་གི་དམིགས་བསལ་དོགས་པ་དང་སྔོན་འགོག་གི་ལས་གཞི་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད། དེ་ལྟར་བོད་ཕྱི་རོལ་ནས་གནས་ཚུལ་བཀག་འགོག་བྱེད་པ་ནི་ལག་བསྟར་གསར་པ་ཞིག་མིན་ནའང་དེ་སང་སྔར་ལས་ལས་ཤུགས་ཆེ་རུ་བཏང་ཡོད་པ་རེད། ལྷག་པར་རྒྱ་གཞུང་གི་དེང་སང་འཕྲུལ་ཆས་གསར་པ་བེད་སྤྱད་བྱས་ནས་གནས་ཚུལ་དོགས་གཅོད་གང་ཐུབ་བྱེད་ཐབས་བརྩམས་པ་དང་རྒྱ་གཞུང་གིས་བཏང་བའི་གནས་ཚུལ་རྣམས་ལ་ཡང་ཡང་ཉན་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་རེད།།