རྒན་འཇིགས་མེད་དབང་རྒྱལ་ལ་སྤྲེངས་པ།
ཅ་ཅོ་ཙམ་མིན་རྨད་བྱུང་རྩེད་མཚར་ལུགས།
ཆ་མེད་ངུར་སྨིག་རྨ་བྱའི་སྒྲོ་ལྟར་མཛེས།
ཇ་ཆང་དུ་ནག་དཀྱིལ་ནས་རྣམ་གྲོལ་ཁྱེད།
ཉ་ཉོག་བཙོག་དྲིས་མ་སྦག་དྭངས་གཙང་ཆེ།
ཏ་ལའི་བླ་མའི་མཛད་རྣམ་གླེགས་བམ་སོགས།
ཐ་ན་ཉིན་མཚན་དུས་དྲུག་དཀའ་སྤྱད་འོག
ད་ཆ་མིག་ལམ་མངོན་བའི་དེབ་ཕྲེང་དག
ན་ཚ་དོར་བའི་སྨན་མཆོག་ཉིད་དུ་ངེས༎
པ་ཊྲའི་ཁང་བཟང་རྒྱུ་ནོར་ལོངས་སྤྱོད་རྣམས།
ཕ་ཤུལ་བུ་འཛིན་སྙིགས་མའི་བཙོག་དྲི་དབེན།
བ་གླང་ཚོགས་ལྟར་ཁོག་ངན་སྤངས་པའི་མུས།
མ་དྲོས་རླབས་བཞིན་དྭངས་གཙང་མེ་ལོང་འདྲ༎
ཙ་རྭའི་རྩོད་རྙོག་རྒྱས་པའི་གླིང་ཆེན་འདིར།
ཚ་གྲང་དོན་སྙིང་རྟོག་པའི་ཤེས་རབ་ཀྱིས།
ཛ་དྲག་ཡུལ་ནས་མཁྱེན་པ་ཟབ་པའི་དོན།
ཝ་མོའི་གཡོ་ཧམ་རིང་དོར་གཞུང་དྲང་མཆོག།
ཞྭ་དཀར་ཏོག་ལྟར་ལྗིད་པའི་ཐུགས་བསྐྱེད་གསུང༌།
ཟ་ཟའི་དོན་ཆུང་མིན་ཡང་མཉམ་འཛོམས་དུས།
འ་ཅག་ཡུན་རིང་སྐྱོང་བའི་མཛའ་བརྩེས་མཐུས།
ཡ་རབས་མཐུན་ལམ་ཡ་ཆུང་སེམས་ནས་དྲན༎
ར་མ་ལུག་ཚོགས་འབའ་སྒྲས་སྤང་ཐང་ནས།
ལ་ལུང་བརྒལ་བའི་དོན་སྙིང་བསམ་བཞིན་དུ།
ཤ་ཁྲག་རིགས་རུས་སྙིང་མཐུན་མཆེད་གྲོགས་དག
ས་ཕྱོགས་ག་བར་འགྲིམ་ཡང་ཐུགས་སུ་ཞོག།
ཧ་རིའི་དྲི་བསུང་འཐུལ་བའི་འཕགས་ཡུལ་ནས།
ཧ་ཅང་རྣམ་དག་གུས་སོགས་མཛའ་བརྩེའི་བཅུད།
ཨ་གསར་ཙམ་མིན་སྙིང་གཏམ་ལྷུག་པོ་འདིས།
ཨ་རོགས་ཕོ་རྒོད་ཁྱེད་རང་བདེ་བར་སྨོན༎༎