ཡར་མཆོད་མར་སྦྱིན་གྱི་དགེ་འབྲས་དང་དཀོན་མཆོག་གི་ཁྱད་པར་སྐོར།

དེ་ཡང་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་པ་ངོ་མ་གཞན་ཕན་བསྒྲུབ་རྒྱུ་དེ་ཡིན། རང་དོན་གྱི་བསམ་པ་མ་འདྲེས་པར་བསམ་པ་རྣམ་དག་གིས་གཞན་ཕན་བསྒྲུབས་ནས་གཞན་ལ་ཕན་བཏགས་ན་དེ་ནི་མཆོད་པ་ཡག་ཤོས་དེ་ཡིན། དེ་མིན་ལག་ལེན་ཐོག་མི་ལ་ཐུབ་ཚོད་དང་དབང་ཡོད་བཤད། མགོ་སྐོར་བཏང༌། དཀྲུག་ཤིང་བརྒྱབ། ཁ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་ན་དེ་ནི་རྫུན་གྱི་བྱ་བ་ཡིན་པས་ཡག་པོ་མ་རེད།    ཡང་དད་པ་ལའང་བྱང་ཆུབ་མངོན་དུ་བྱ་འདོད་ཀྱི་དད་པ་དང༌། མཆོག་གསུམ་ལ་རང་ཉིད་འགྱུར་བའི་འདུན་པའམ་དད་པ་དེ་ནི་དམིགས་བསལ་ཞིག་ཡིན། ང་རང་ཚོ་ཕལ་མོ་ཆེའི་བསམ་བློའི་ནང་སངས་རྒྱས་དང༌། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་པོ་འདི་ཕལ་ཆེར་འཇིག་རྟེན་བཀོད་པ་པོ་ལྟ་བུ་ཞིག་སྟེ། ང་རང་ཚོའི་བདེ་སྡུག་ཚང་མ་དེ་དག་གིས་གནང་གི་ཡོད་པ་དང༌། དེ་དག་ལ་གསོལ་བ་བཏབ་ན་རང་གི་བདེ་སྡུག་ཚང་མ་འགྲིག་འགྲོ་ཡི་རེད་བསམ་པ་ལྟ་བུ་ཡོང་གི་ཡོད། དེ་ནི་ནང་ཆོས་མ་ཤེས་པའི་རྟགས་ཡིན། དད་པ་བྱ་ཚུལ་རྒྱུད་བླ་མའི་ནང་དུ་གསུངས་པ་ལྟར། ཉན་ཐོས་ཀྱི་དད་པ་བྱེད་ཚུལ་གཅིག་དང༌། རང་སངས་རྒྱས་ཀྱི་དད་པ་བྱེད་ཚུལ་གཅིག བྱང་ཆུབ་སེམས་དཔའི་དད་པ་བྱེད་ཚུལ་གཅིག་བཅས་གསུངས་ཡོད། དེ་ཡང་རྒྱུད་བླ་མ་ལས། ཐེག་པ་གསུམ་གྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །    ཞེས་གསུངས་པ་ལྟར་དེ་འདྲའི་དད་པའི་འགྲོ་ལུགས་ཤིག་ཡོད་ཀྱང༌། གཙོ་བོ་ནི་རང་གིས་ཐོབ་བྱར་ཁས་ལེན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེའི་ཆེད་དུ་དམིགས་ནས་གཞན་ཕན་བསྒྲུབས་ན་གཉིས་ཀ་ཡོད་པ་རེད།    དྲི་བ་གཉིས་པ། ད་ལྟ་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པ་དང། ཏཱ་ལའི་ལོག་སྤྱོད་པའི་སྐད་ཆ་ཟེར་ནས་བོད་ནང་ཐོས་རྒྱུ་བཀག་གི་ཡོད་པ་རེད། གནས་ཚུལ་དེ་དུས་ཡུན་ཇི་ཙམ་གནས་མིན་ལྐོག་གྱུར་ཡིན་ཡང༌། རྒྱ་ནག་རང་གི་ནང་དུའང་འགྱུར་བ་ཆེན་པོ་འགྲོ་བཞིན་འདུག ངས་གོང་དུ་བརྗོད་པ་ལྟར་རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་གིས། བར་སྐབས་ཕྱི་ཟླ་ ༣ ཚེས་ ༡༠ རྗེས་སུ་རྩོམ་ཡིག་ཧ་ཅང་ཡག་པོ་དེ་འདྲ་བྲིས་པ་ཐོན་ཡོང་གི་འདུག་པ་ལྟར་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་འདུག     འདས་པའི་ལོ་ཁ་ཤས་རིང་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་རིགས་འགའ་ཤས་སམ། སྐབས་རེ་མི་གྲངས་ཉི་ཤུ་སུམ་ཅུ་དེ་འདྲ་ཡོང་བ་ཚོར་ཐུག་གི་ཡོད། དེ་སྔོན་ཨ་མཱར་ཝ་ཏི་རུ་དུས་འཁོར་དབང་ཆེན་སྐབས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཕལ་ཆེར་མི་གྲངས་སུམ་བརྒྱ་མ་ཟིན་ཙམ་ཞིག་སླེབས་ཡོད་པ་དང། ཁོང་ཚོ་ཕལ་མོ་ཆེར་ང་ཐུག་པ་ཡིན། ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཁ་ཤས་ངུས་ནས་ང་ཚོ་མ་བརྗེད་པ་བྱེད་རོགས་ཟེར་བ་དང༌། རྒྱ་ནག་མི་མང་གིས་མཇལ་ཐུབ་པ་ཞིག་བྱེད་རོགས་ཞེས་བརྗོད་པ་སོགས་དགའ་པོ་བྱེད་མཁན་མང་པོ་ཡོང་གི་འདུག དེ་དག་ནི་འགྱུར་བ་ཆེན་པོ་ཞིག་རེད།    རྒྱ་ནག་གཞུང་གི་ནང་ཆ་བཞག་ན་དེང་སང་འགྱུར་བ་ཕྲན་བུ་འགྲོ་བཞིན་ཡོད་འདུག་པས་རེ་བ་ཡོད་པ་ཡིན། དེ་ལུགས་ང་ཚོས་ཕྱོགས་གང་ས་ནས་འབད་བརྩོན་བྱེད་དགོས། དེ་དང་ཆབས་ཅིག་ངས་རྒྱུན་དུ་བརྗོད་པ་ལྟར་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་པ་སེམས་ལ་བཞག་ནས་ལྷོད་གཡེང་ནམ་ཡང་གཏོང་རྒྱུ་མེད།

བཀའ་འདྲི། འཛིན་གྲྭ་བཅུ་གཉིས་པའི་རྒྱལ་རབས་ལོ་རྒྱུས་ནང༌། ནང་པས་དཀོན་མཆོག་ཅེས་པ་དེར་ཡིད་ཆེས་བྱེད་ཀྱི་མེད་ཀྱང༌། ནང་ཆོས་ནས་ལྷ་ཡུལ་ཞེས་པ་བཤད་ཡོད་པས་དེ་གང་འདྲ་ཡིན་ནམ།
བཀའ་ལན། དབྱིན་ཇིའི་སྐད་ནང་དཀོན་མཆོག་ཅེས་པ་ཞིག་ཡོང་གི་ཡོད་པ་དེའི་ཚིག་དོན་འགྲེལ་བཤད་རྒྱག་སྐབས། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཅེས་བརྗོད་ཀྱི་ཡོད། ཚིག་དེ་གའི་གོ་བ་ལྟར་བྱས་ན་དཀོན་མཆོག་ཁས་བླངས་ན་མི་འགྲིགས་ཤིང༌། ཡང་དཀོན་མཆོག་ཅེས་བརྗོད་ན། སྐྱབས་གནས་ལྟ་བུ་ཞིག་ལ་བརྩིས་ནས་གོ་ཆོག་པ་ཡིན། ལེགས་སྦྱར་གྱི་སྐད་དུ་བྷག་ཝན་ཞེས་བརྗོད་སྐབས། ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་དེ་དག་ལ་བྷག་ཝན་ཞེས་བརྗོད་ཀྱི་ཡོད་པ་རེད། དེས་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་རིགས་གཅིག་གིས་ཀྱང་བྷག་ཝན་ཞེས་བརྗོད་པ་དང༌། བཅོམ་ལྡན་འདས་ལ་ཆ་བཞག་ན་ཡང༌། བྷག་ཝན་བྷུད་དྷ་ཞེས་བརྗོད་ཅིང༌། ཐ་སྙད་དེ་ཚང་མར་འཇུག་པ་ཞིག་ཡིན། བྷག་ཝན་ཞེས་པ་ནི་བཅོམ་ལྡན་དེ་བཞི་བཅོམ་དྲུག་ལྡན་གྱི་དོན་ཡིན། བཅོམ་ཞེས་པས་བདུད་བཞི་བཅོམ་པ་དང༌། ལྡན་ཞེས་པ་ནི་ལེགས་པ་དྲུག་དང་ལྡན་པས་ན་བཅོམ་ལྡན་ཞེས་བརྗོད་པ་ཡིན། དེར་བརྟེན་བྷག་ཝན་བུད་དྷ་ལ་སྦྱར་སྐབས་ཕལ་ཆེར་བཞི་བཅོམ་དྲུག་ལྡན་ཞེས་པ་འདི་བཤད་ཀྱི་ཡོད། ཡང་འཇིག་རྟེན་བཀོད་པ་པོར་བྷག་ཝན་འཇུག་སྐབས་ཐ་སྙད་གང་འདྲ་ཞིག་འཇུག་པ་དང༌། དོན་གང་འདྲ་ཞིག་ལ་འགྲེལ་གྱི་ཡོད་མེད་མི་ཤེས།
    དེས་ན་ང་རང་ཚོས་སངས་རྒྱས་བཅོམ་ལྡན་འདས་སྐྱབས་གནས་མཐར་ཐུག་ལ་བརྩི་བ་དང༌། སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་པ་ཡིན་གསུངས་ཡོད། དབྱིན་སྐད་ཀྱི་དཀོན་མཆོག་དེ་མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་པ་ཡིན་ཞེས་བརྗོད་ཀྱི་ཡོད། དེ་དག་ལ་ཐད་ཀ་ཐད་ཀའི་ཤོད་ཚུལ་རིགས་ཁ་ཤས་ཆ་མཐུན་པ་ཡོང་གི་ཡོད་ཀྱང༌། བཅོམ་ལྡན་འདས་ནི་ཐ་མལ་པ་ཞིག་ནས་སངས་རྒྱས་པ་ཡིན་ཞིང༌། དཀོན་མཆོག་ཅེས་པ་དེ་ཡེ་གདོད་མ་ནས་ཡོད་པ་ཞིག་དང༌། ང་རང་ཚོའི་སྣོད་བཅུད་ཡོངས་རྫོགས་དཀོན་མཆོག་གིས་བཀོད་པ་རེད་ཅེས་བརྗོད་ཀྱི་ཡོད། དེས་ན་ང་ཚོས་སྐྱབས་གནས་ལ་སུ་བརྩི་ཡི་ཡོད། བཞི་བཅོམ་དྲུག་ལྡན་གྱི་བྷག་ཝན་བུད་དྷ་ཞིག་ལ་བརྩི་ཡི་ཡོད། དེ་ནི་སྐྱེས་བུ་ཁྱད་པར་ཅན་དང༌། གང་ཟག་ཁྱད་པར་ཅན་ཡིན། སློབ་པའི་ལམ་བརྒྱུད་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ལས་དེ་སྔོན་ང་ཚོ་མི་དང་གཅིག་པ་ཡིན། ང་རང་ཚོ་ཡང་བཅོམ་ལྡན་འདས་ཆགས་རྒྱུ་ཡོད། དབྱིན་ཇིའི་སྐད་ནང་དཀོན་མཆོག་ཅེས་བཤད་པ་ང་ཚོ་དེ་ལྟར་དཀོན་མཆོག་ཆགས་རྒྱུ་ཁག་པོ་ཡིན། ཡང་ཚངས་པའི་གཞུང་དེ་འདྲའི་ནང་ཚངས་པ་ཆེན་པོར་རིམ་པས་ཐིམ་འགྲོ་བ་བཤད་པ་ཡོད། དེ་ལྟར་བཤད་ཚུལ་མི་འདྲ་བ་ཡོད་པ་ཡིན།
    ང་རང་ཚོས་རྒྱུད་སྡེའི་ལྷ་ཚོགས་བཤད་པ་དེ་དག་ལས་རིགས་གཅིག་ནི་བཅོམ་ལྡན་འདས་ཀྱི་སྐུ་ཡི་རྣམ་འགྱུར་མི་འདྲ་བ་དང༌། ཡང་རིགས་གཅིག་ནི་ལྷ་དེ་དང་དེའི་ཉམས་ལེན་བྱས་ནས་མཐར་ལྷ་དེ་དང་དེའི་ངོ་བོར་འཚང་རྒྱ་བ་ཡང་ཡོད། དེར་བརྟེན་ལྷ་ཚོགས་དེ་དག་གི་ནང་རྒྱུད་པ་གཅིག་པ་ཡོང་གི་ཡོད་ལ། རྒྱུད་ཐ་དད་པ་ཡང་ཡོང་གི་ཡོད། གང་ཟག་བྱེ་བྲག་པ་ཞིག་ལྷ་དེ་དང་དེའི་ངོ་བོར་འཚང་རྒྱ་བའི་སྐབས་སུ་གང་ཟག་རྒྱུད་ཐ་དད་པ་ཡིན་ལ། སྟོན་པ་རང་ཉིད་དཀྱིལ་འཁོར་གྱི་བདག་པོར་བཞེངས་ནས་རྒྱུད་སྡེ་མི་འདྲ་བ་དེ་དག་གསུང་པའི་སྐབས་ཀྱི་ལྷ་ཚོགས་དེ་དག་ནི་གང་ཟག་རྒྱུད་གཅིག་པ་ཡིན་པས་སོ་སོར་མི་འདྲ་བ་ཡོད།