བོད་རང་བཙན་རྩོད་དགོས་པ་ང་ཚོའི་ལས་འགན་རེད།
སྤྱི་ཚོགས་རྙིང་པར་སྐྱོན་ཡོད་པ་དེ་ལེགས་བཅོས་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཆེན་པོ་ཞིག་རེད། དེ་ལ་ངོ་ཚ་དགོས་པ་མ་རེད། མི་མང་ལ་ང་ཚོ་ལས་རྩུབ་པའི་གཞུང་མང་པོ་ཡོད་རེད་ཅེས་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་སོང།
ཟླ་འདིའི་ཚེས་༡༨ ཉིན་གྱི་དགོང་མོར་དྷ་སར་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་སྐོར་མི་མང་ལ་གསུང་བཤད་གནང་སྐབས། ཁོང་གིས། “བོད་རང་བཙན་སྐོར་ལ་སྐད་ཆ་བཤད་སྐབས། ༡༩༤༩ ལོ་ནས་རྒྱ་མི་ཁམས་དང་ཨ་མདོར་སླེབས་པ་རེད། འབྲི་ཆུ་ལ་དེའི་སྐབས་ས་མཚམས་ཟེར་གྱི་ཡོད་པ་མ་རེད། དེའི་སྔོན་རྒྱ་བོད་བར་དམག་འཁྲུག་ཤོར་ནས་འབྲི་ཆུ་ལ་མེ་མཚམས་འཇོག་ས་ཟེར་གྱི་ཡོད་པ་རེད། དེའི་སྐབས་དམག་བརྒྱབ་པའི་དུས་ཚོད་དེ་གནད་འགག་ཆེན་པོ་ཞིག་མིན་འགྲོ་བསམ་གྱི་འདུག ༡༩༤༩ དང་༡༩༥༠ ལོར་བོད་རྒྱལ་ཁབ་ཅིག་གནས་བསྡད་ཡོད་པ་དང། ཧ་ཅང་སྤུས་དག་པོ་དེ་འདྲ་མེད་ནའང། དཔག་ཚོད་ཀྱིས་ཁྲིམས་དང། འགྲོ་སྟངས་ཡོད་པ། ལུང་པ་ཞི་བདེ་རེད། འཛམ་གླིང་གི་དེའི་སྐབས་ཀྱི་གནས་སྟངས་ལ་གཟིགས་ན། དཔེར་ན་རྒྱ་ནག་ནང་དེའི་སྐབས་ནང་འཁྲུག་ཆེན་པོ་མཚམས་བཞག་པ་དེ་དམག་འཁྲུག་ཆེན་པོ་རེད། ང་ཚོའི་ར་སྟག་གི་ནང་འཁྲུག་ཆུང་ཆུང་དེ་ཅི་ཡང་མ་རེད། རྒྱ་ནག་ནང་མི་ས་ཡ་མང་པོ་ཤི་བ་དང། ས་ཡ་མང་པོ་སྡོད་ས་མེད་པ་བཟོས་པ་རེད། ལམ་ཁ་དེ་ཚོར་སྐྱེ་དམན་དང་ཕྲུ་གུ་ལྟོ་ཟ་རྒྱུ་མ་རག་ནས་ཤི་མཁན་ཚོའི་པར་རྙིང་པ་དེ་ཚོར་བལྟས་ན། སེམས་སྐྱོ་བོ་ཡོང་གི་རེད་”ཅེས། ཡུ་རོབ་དང། འཇར་མན་སོགས་རྒྱལ་ཁབ་གཞན་ཁག་གི་ནང་དམག་འཁྲུག་ཆེན་པོ་བྱུང་བའི་སྐོར་དང། དེའི་སྐབས་རྒྱལ་ཁབ་དེ་ཚོའི་ནང་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྐོར་ངོ་སྤྲོད་གནང་བ་དང། ཁོང་གིས་མུ་མཐུད་གསུང་དོན། “འཛམ་གླིང་སྐྱུག་བྲོ་བོ་དེ་འདྲ་ཞིག་ཡིན་པའི་སྐབས། བོད་དེ་མང་གཙོ་མེད་ནའང། མགོ་མཇུག་ཡོད་པ། ཧྲ་ཐག་ཐག་རེད། ག་ཚོད་སྡུག་ཀྱང་མི་ལ་ལྟོ་ཟ་རྒྱུ་ཡོད་པ་རེད། ཞེ་དྲག་གྲ་རྒྱས་པོ་མེད་ནའང། རྩམ་པ་ཟ་རྒྱུ་ཡོད་པ་དང། ཆང་སྐྱུར་མོ་འཐུང། སྒྲ་སྙན་ཞིག་ཁྱེར་ནས་‘ཧད་’ཟེར་ནས་སྡོད་ཀྱི་ཡོད་པ་རེད། གུང་ཁྲན་ཡོང་ནས་དམག་བརྒྱབ་སྟེ་འཛམ་གླིང་ནང་ང་ཚོར་ནོར་བུ་ཏོག་ཙམ་ཡོད་པ་དེ་འཕྲོ་བརླག་བཏང་བ་རེད།

ཁོང་གིས་བོད་ཀྱི་རྒྱལ་དར་གྱི་སྐོར་གསུང་དོན། “༡༩༣༦ ལོར་ཨ་མིའི་རི་ཀའི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་རྒྱལ་དར་ཡོད་པའི་དུས་དེབ་ཅིག་བཏོན་པ་དེའི་ནང་བོད་ཀྱི་རྒྱལ་དར་ཡོད་པ་རེད། དེའི་སྐབས་རྒྱལ་ཁབ་རང་བཙན་ཡོད་མཁན་དཀོན་པོ་རེད། མང་པོ་ཞིག་དེའི་རྗེས་ནས་རང་བཙན་ཐོབ་པ་རེད། ཐ་མག་གི་ཤུབས་ཀྱི་ཐོག་འདྲ་པར་འདྲ་མིན་འཁོད་ཀྱི་ཡོད་པ་རེད། ༡༩༣༣ ལོར་འཇར་མན་དུ་ཐ་མག་གི་ཤུབས་ཀྱི་ཐོག་ཏུ་བོད་ཀྱི་རྒྱལ་དར་ཀྱི་པར་དང་ཡི་གེ་འཁོད་ཡོད་རེད། དེ་བཞིན་༡༩༤༧ ལོར་ཨེ་ཤ་ཡའི་རྒྱལ་ཁབ་ཚང་མའི་ཚོགས་འདུ་ཞིག་ལྡི་ལིར་འཚོགས་པ་རེད། དེའི་སྐབས་ང་ཚོའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་གཉིས་ཀྱིས་རྒྱལ་དར་ཁྱེར་ཡོད་པ་རེད་”ཅེས། བོད་ཀྱི་རྒྱལ་དང་རྒྱལ་དར་དང་གླུ་ཐོག་མ་གསར་སྐྲུན་བྱས་པའི་སྐོར་དང་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་སྤེལ་ཕྱིན་པའི་འདྲ་པར་ཁག་བརྙན་འཕྲིན་བརྒྱུད་ནས་མི་མང་ལ་ངོ་སྤྲོད་གནང་ཡོད་པ་རེད།
ཁོང་གིས་ས་ཁྲ་ཡི་སྐོར་ངོ་སྤྲོད་གནང་དོན། “རང་བཙན་ཁུངས་སྐྱེལ་བྱེད་རྒྱུར་འཛམ་གླིང་གི་ས་ཁྲ་རྙིང་པ་དེ་ཚོའྀ་ནང་བོད་དང་རྒྱ་ནག་ཐ་དད་རེད། ༡༩༨༠ ལོར་ཧྤ་རིན་སི་ནས་བཏོན་པའི་ས་ཁྲ་དང། ༡༨༢༧ ལོར་ཨ་རི་ནས་བཏོན་པའི་ས་ཁྲ་དང། རྒྱ་ནག་གི་ས་ཁྲ་རྙིང་པ་ཚང་མའི་ནང་བོད་ལོག་ཀ་བཏོན་ཡོད་པ་དང། རྒྱ་ནག་གི་མེན་སྐབས་ཀྱི་ས་ཁྲ་ཞིག་གི་ནང་རྒྱ་ནག་ཆ་ཚང་ཚུད་ཡོད་སྐོར་འཁོད་ཡོད་པའི་ནང་བོད་ཚུད་ཡོད་པ་མ་རེད། འཇར་མན་གྱི་རྒྱལ་སར་ཡོད་པའི་ས་ཁྲ་ཀོར་ཀོར་དེ་༡༤༩༢ ལོར་བཏོན་པའི་ནང་ཡོ་རོབ་དང། ཨེ་ཤ་ཡ། ཨ་ཧྤི་རི་ཀའི་བྱང་ཕྱོགས་ཡོད་པ་རེད། དེའི་ནང་བོད་ཀྱི་ས་ཁྲ་ཡོད་པ་རེད། ཨ་མི་རི་ཀ་དེའི་སྐབས་ཡོད་པ་མ་རཻད། ༡༩༣༥ ལོར་བྷོ་སི་ཊོན་དུ་ཤེལ་གྱི་ས་ཁྲ་ཞིག་བཏོན་པའི་ནང་བོད་ཡོད་པ་རེད་ཅེས་”ས་ཁྲ་དང་འབྲེལ་བའི་བོད་རང་བཙན་ཡིན་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
༡༩༢༣ ལོའི་རྗེས་ནས་བོད་ཀྱི་དངུལ་སྒོར་དང། སྦྲག་རྟགས། ཕྱི་རྒྱལ་གྱི་ཁག་ཏུ་བསྐྱོད་སྐབས་ཀྱི་ཐོངས་མཆན་ལག་ཁྱེར། ཕྱི་རྒྱལ་མི་བོད་དུ་ཡོང་ཆོག་པའི་ལག་ཁྱེར། བོད་དང་རྒྱལ་ཁབ་གཞན་བར་གྱི་ཆིངས་ཡིག་སོགས་ཀྱི་འདྲ་པར་གློག་བརྙན་བརྒྱུད་དེ་མི་མང་ལ་ངོ་སྤྲོད་ཟབ་རྒྱས་གནང་ཡོད་པ་རེད།
སྔོན་མ་བོད་ནང་གཞུང་གིས་མི་མང་ལ་ཁྲིམས་ཆད་བཏང་བ་དང་མི་མང་ལ་དཀའ་ངལ་སྤྲད་པའི་སྐོར་ལ་དགོངས་ཚུལ་གང་ཡོད་ཚོགས་ཞུགས་པ་ཞིག་གིས་དྲི་བ་བཏང་བར། འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུང་དོན། “དེའི་སྐབས་སྤྱི་ཚོགས་རྙིང་པ་རེད། འཛམ་གླིང་ནང་རྒྱལ་ཁབ་ཚང་མ་གཅིག་གཉིས་རེ་མ་གཏོགས་དེ་འདྲ་ཞིག་གི་ནང་བསྡད་ཡོད་པ་རེད། མང་གཙོ་ཟེར་བ་དེ་གསར་པ་རཻད། མང་གཙོ་ཡིན་ནའང་ལུང་པ་ཁ་ཤས་ནང་ཁྲིམས་མེད་ལུགས་མེད་བྱེད་ཀྱི་འདུག དེ་ལ་བལྟས་ནས་སྤྱི་ཚོགས་གསར་པ་བཟོ་རྒྱུ་དང། རང་བཙན་རག་ན་ལེགས་བཅོས་གཏོང་དགོས་པ་གལ་ཆེན་པོ་རེད། ང་ཚོས་སྤྱི་ཚོགས་རྙིང་པ་ག་ཚོད་སྡུག་ནའང། མི་ག་ཚོད་བསད་ཡོད་པ་རེད། རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་མ་ག་ཚོད་བསད་པ་རེད། བོད་ལ་བཙན་འཛུལ་བྱེད་སྐབས། གུང་ཁྲན་དང་གོ་མིན་ཏང་གི་བར་དམག་འཁྲུག་སྐབས་ག་ཚོད་བསད་པ་རེད། རྒྱ་ནག་གིས་ང་ཚོར་ཅིག་བཤད་དུས་གད་མོ་རྒོད་དགོས་པ་ཞིག་རེད། དེ་རན་པོ་རྩ་བ་ནས་མ་རེད། ང་ཚོས་སྤྱི་ཚོགས་རྙིང་པ་ལ་སོ་སོའི་ཕ་མ་ནང་བཞིན་དགོངས་པ་བཞེས་དགོས་པ་རེད། ཕྲུ་གུ་ཆེན་པོ་ཆགས་དུས་ཕ་མར་སྐྱོན་ཡོད་པ་དེ་ཤེས་ཀྱི་རེད་མོད། སྐྱོན་ག་ཚོད་ཡོད་ནའང་ཕ་མར་བརྩེ་བ་མེད་པ་ཆགས་ཀྱི་མ་རེད། སྤྱི་ཚོགས་རྙིང་པར་སྐྱོན་ཡོད་པ་དེ་ལེགས་བཅོས་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཆེན་པོ་ཞིག་རེད། ངོ་ཚ་དགོས་པ་མ་རེད། མི་མང་ལ་ང་ཚོ་ལས་རྩུབ་པའི་གཞུང་མང་པོ་ཡོད་པ་རེད་”ཅེས་དེའི་སྐབས་གཞུང་གཞན་པ་ཚོས་མི་མང་ལ་ཁྲིམས་ཆད་གཏོང་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།།