རང་དབང་གླེང་བ།
དོན་དངོས་ཐོག་འཛམ་གླིང་འདིར་རང་དབང་ཐོབ་མཁན་གྱི་མི་ནི་དཀོན་པོ་ཡིན། རང་དབང་མེད་པར་སྐྱེ་བ་ནས་ཤི་རེག་བར་ཏུ་འབད་བརྩོན་སྣ་ཚོགས་བྱེད་ཀྱི་ཡོད་ཀྱང་། མཐའ་མར་རང་ཉིད་ཀྱི་ལུས་པོ་འདོམ་བཀང་དེ་ཡང་རང་ལ་མི་དབང་བར་བཞག་ནས་འགྲོ་དགོས། འོ་ན། སྐྱེ་ནས་ཤི་རེག་བར་གྱི་རང་དབང་དེ་ནི་འཚོ་བ་ཞིག་ལ་རང་དབང་མ་ཐོབ་པའི་རང་དབང་ཞིག་ཆགས་ཡོད་དུས། རང་དབང་གི་འཚོ་བ་དེ་ཡང་། དེང་སང་རྒྱུ་དངོས་ཀྱི་དབང་ཤུགས་ཁྲོད་ཀྱི་རང་དབང་ལ་གྱུར་སྟབས། དབུལ་བོ་དག་ནི་ནམ་ཡང་རང་དབང་མེད་མཁན་ཆགས་ཡོད་པ་རེད།དེས་ན་དབུལ་བོ་ཚོ་ནི་རང་དབང་མེད་པར་ཇི་ལྟར་ཆགས་ཡོད་ཟེར་ན། ཡི་གེ་སློབ་འདོད་ཀྱང་སློབ་གྲའི་སྒོ་ཐེམ་སྙེགས་པས་རང་དབང་དེ་མེད། ན་བའི་ཚེ་ན་སྨན་ཁང་གི་ཉལ་ཁྲིའི་སྟེང་ལྷོད་ལྷོད་བྱས་དེ་སྨན་པའི་གཟུགས་སྐྱོང་གི་རང་དབང་དེ་མེད། ཉེས་པ་མེད་པར་ཁྲིམས་ལ་ཐུག་དུས་བདེན་པ་དཔྱད་མཁན་གྱི་ཁྲིམས་རྩོད་ཀྱི་རང་དབང་དེ་མེད། འགྲིམ་འགྲུལ་བྱེད་འདོད་ཀྱང་ཕྱོགས་བཞི་མཚམས་བརྒྱད་འགྲིམ་བྱེད་ཀྱི་དངུལ་བྱང་ཀྱི་རང་དབང་དེ་མེད། ཚོང་བ་ཞིག་བཅའ་འདོད་ཀྱང་ཨམ་ཕྲག་ནང་གི་རང་དབང་དེ་མེད། སེམས་གཏམ་ཞིག་བཤད་འདོད་ཀྱང་སྐད་ཆའི་རང་དབང་དེ་མེད། འདི་ནི་འཛམ་གླིང་འདིས་སྟེང་གི་སྐྱེ་བོ་ཁ་གཡང་སྒྲོག་མཁན་རྒྱུ་ཆེན་དང་དཔོན་ ཆེན་དག་གིས་གཟུགས་མེད་ཀྱིས་མནར་གཅོད་དབུལ་བོ་དག་ལ་བཏང་ནས་རང་དབང་གི་ལམ་ཕྲན་ མེད་པ་བཟོས་པ་དེ་ཆགས་ཡོད་ལ། མདོར་ན་རང་དབང་ནི་དངུལ་བྱང་གི་བདག་འཛིན་པ་དག་གིས་སྤྱོད་བྱ་ཞིག་ལས་གང་ཡང་ མེད་པར་བཏང་ཡོད་པ་དེ་རེད། དེས་ན་འུ་ཅག་གིས་རང་དབང་འདི་ཉིད་ལ་གོང་ ཚད་ཅིག་རྒྱག་ཐུབ་མིན་དེ་ནི་དངུལ་བྱང་ཁོ་ན་ཡིན་པར་ཁས་ལེན་བྱེད་དགོས་ཀྱི་ཡོད་པ་ཡིན་ནམ་མིན། གལ་སྲིད། དེ་ལྟར་ཁས་ལེན་བྱེད་ཀྱི་མིན་ན། འུ་ཅག་གིས་རང་དབང་ཟེར་བ་དེ་ནི་ཁ་ལྕེ་སྐམ་རེག་བར་ཏུ་བཤད་ཀྱང་འབྲས་པུ་མེད་དོན་གང་ལ་ཐུག་ཡོད་པར་ཁས་ལེན་བྱེད་དགོས།
དངུལ་བྱང་ཡོད་ན་རང་དབང་ཡོད་པའི་དུས་རབས་འདིས་ནང་དུ། རྒྱུ་ཆེན་དག་གིས་དེ་རིང་གི་ཞོགས་ཇ་ཨ་རི་འཐུང་། ཉིན་གོང་གི་ཁ་ལག་རྒྱ་གར་ཏུ་ཟོས། དགོང་ཟས་རྒྱ་ནག་ལ་ཟ་རུ་འགྲོ་བཞིན་ཡོད་ཀྱང་། ད་དུང་། ཁོང་ཚོས་དེ་དག་ཚང་མ་རང་ཉིད་ཀྱིས་འཇོན་ཐང་གི་རང་དབང་གཅིག་བུར་བལྟ་བཞིན། རང་ཉིད་ཀྱི་ཉེ་འཁོར་གྱི་མི་དག་གི་སྩོལ་བ་ལ་བརྟེན་ནས་རང་ཉིད་དེ་ལྟར་ཉིན་གཅིག་ལ་ཕྱོགས་བཞི་མཚམས་བརྒྱད་དུ་འཕུར་བསྐྱོད་རང་དབང་གིས་བྱེད་ཀྱི་ཡོད་པ་གཏན་ནས་ངོས་ཟིན་མ་ཐོབ་སྟབས། དབུལ་བོ་ཚོ་ལ་རང་དབང་མ་ཐོབ་པ་དང་དབུལ་བོ་དག་གིས་ཀྱང་ཁོང་ཚོ་ནི་རང་ལས་ཁྱད་ དུ་འཕགས་པ་ཞིག་ཏུ་འཁྲུལ་ནས་ནམ་རྒྱུན་ཏུ་མགོ་བོ་དམན་སར་བཟུང་དེ་འདྲ་མཉམ་གྱི་རང་དབང་ཅིག འགྲོ་བ་མི་ཚང་ལ་ཡོད་པ་ཤེས་ཀྱི་མེད་པ་དེ་ནི་ཕྱོགས་གཉིས་ཀྱི་རང་དབང་དེ་ཕྱོགས་གཅིག་ཁོ་ནའི་དབང་འཛིན་འོག་ཤོར་བ་རེད།
དེས་ན་འུ་ཅག་རང་དབང་དེ་འདྲ་མཉམ་ཞིག་ཡོང་བར་གླེང་བ་ནས་ལག་ལེན་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་རེད། དེ་ནི་མི་རིགས་ཀྱི་དབྱེ་བ་མེད་པར་གང་ན་དབུལ་བོ་དག་ལ་ཐུབ་ཚོད་བྱེད་མཁན་ཡོད་ན་དེ་ནས་དབུལ་བོ་དག་གཅིག་སྒྲིལ་གྱིས་ས་ཁུལ་ཁོར་ཡུག་དེ་ནས་རྒོལ་བ་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱས་པ་ཡིན་ན། ད་གཟོད་འདྲ་མཉམ་གྱི་རང་དབང་དེ་ཉིད་ཐོབ་པར་ཐེ་ཚོམ་མེད། དེ་མིན་དབུལ་བོ་གཅིག་གཉིས་ཤིག་ཡར་བླངས་བྱས་ཀྱང་། དབུལ་བོ་གཞན་དག་གིས་ལྟད་མོ་བལྟས་དེ་བསྡད་པ་ཡིན་ན། དབུལ་བོ་དག་ནི་བསྐལ་བ་ཇི་སྲིད་བར་ཏུ་འཛམ་གླིང་གི་དངུལ་བྱང་གི་བདག་པོ་དང་དཔོན་ཆེན་དག་གིས་རང་དབང་གིས་བྲན་གཡོག་ཁོ་ན་ཆགས་རྒྱུ་ཡིན། དེས་ན་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་དབུལ་བོ་དག་གཅིག་སྒྲིལ་གྱིས་རང་དབང་འདྲ་མཉམ་དེར་བརྩོན་གྱུར་ཅིག
