ཁང་པར་དཀར་རྩི་གཏོང་དགོས་པའི་ལས་འགུལ།
ཁོང་གིས་གསུང་དོན། ཟླ་འདིའི་ཚེས་༡༨ ཉིན་གྱི་ཕྱི་དྲོ་ངས་ཕ་ཡུལ་དུ་ཁ་པར་བཏང་བ་ཡིན། སྐབས་དེར་ཁོང་ཚོས་གསུང་དོན། ཉེ་ཆར་ནས་རྫོང་གི་ལས་བྱེད་དང་དམག་མི་ཡོང་ནས་མི་ཚང་སོ་སོའི་ཁང་པར་དཀར་རྩི་གཏོང་དགོས་ཀྱི་ཡོད་ཟེར་གྱི་འདུག ད་དུང་ཁང་པ་ཉམས་གསོ་དང་བཟོ་བཅོས་དགོས་ཀྱི་རེད་ཅེས་བོད་པའི་ལོ་གསར་སྐབས་ཀྱི་བྱེད་སྒོ་ལྟར་བྱ་དགོས་པའི་སྐུལ་མ་ནན་པོ་གཏོང་གི་འདུག་ཟེར་གྱི་འདུག་ཅེས་དང། ཁོང་གིས་མུ་མཐུད་གསུང་དོན། རྒྱ་དམག་དང་ལས་བྱེད་པས་རྒྱུ་མཚན་གང་ཡིན་བཤད་མི་འདུག་ལ། མི་མང་གིས་ཀྱང་རྒྱུ་མཚན་གང་ཡང་ཤེས་ཀྱི་མེད་ཚོད་རེད། ས་གནས་དེར་དབྱར་ཁ་ཁང་པར་དཀར་རྩི་གཏོང་རྒྱུ་ལོ་རྒྱུས་ལ་ཡང་ཡོད་པ་མ་རེད། དེ་རྩ་བ་ནས་ཡོང་གི་མ་རེད་ཅེས་ཁས་ལེན་བྱེད་ཀྱི་མེད་པ་དང། སྤྱིར་བཏང་སྐབས་དེར་གྲོང་པའི་ནང་གི་གཞོན་སྐྱེས་ལས་ཀ་བྱེད་ཐུབ་མཁན་མང་ཆེ་བ་པེས་མོ་སྐོ་རུ་སོང་ནས་ནང་ལ་ཡོད་པ་མ་རེད། ཤུལ་ན་ཡོད་པ་མང་ཆེ་བ་རྒས་ཁོག་དང་ཕྲུ་གུ་ཆུང་ཆུང་ཚོ་ཡིན་ས་རེད། ཁང་པར་དཀར་རྩི་གཏོང་རྒྱུ་དང་ཁང་པ་ཉམས་གསོ་བྱེད་པར་སློབ་གསོ་གཏོང་མཁན་དང་པོ་དམག་མི་ཁ་ཤས་ཡོང་བ་དང། དེ་ནས་རྫོང་གི་ལས་བྱེད་ཡོང་འདུག ལྷག་པར་ཉེ་ཆར་ཤར་ཏིར་ཀུ་སུ་ཐན་དུ་དོན་རྐྱེན་བྱུང་བ་ནས་རྔ་ཁོག་ཏུ་དམག་མི་མང་དུ་བཏང་ཡོད་འདུག་ལ། དེའི་གཡས་གཡོན་གྱི་བོད་པའི་སློབ་གྲྭ་ཞིག་ཀྱང་གུང་སེང་བཏང་ནས་འཚོགས་མི་འདུག མི་མང་གིས་བརྗོད་དོན། ཁང་པར་དཀར་རྩི་གཏོང་བ་འདི་ཚོ་རྒྱལ་སྤྱིའི་གསར་འགོད་པ་དེ་འདྲ་མགོ་སྐོར་གཏོང་ཆེད་ཅིག་མིན་ནམ་བསྙམ་པའི་དོགས་པ་བྱས་ཏེ་ངོས་ལེན་བྱེད་ཀྱི་མེད་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་སོང། རྒྱ་དམར་གྱི་ལས་འགུལ་བ་དེ་རྔ་བ་རྫོང་གི་ཡུལ་དགོན་ཚང་མར་ད་ལྟ་སྤེལ་བཞིན་ཡོད་པ་དང་ཁང་པར་དཀར་རྩི་གཏོང་བ་དང། ཉམས་གསོ་བྱེད་མཁན་རྣམས་ལ་རོགས་དངུལ་ཅུང་ཙམ་རེ་སྤྲོད་ཀྱི་ཡོད་ན་ཡང་དཀར་རྩི་མ་བཏང་ན་མི་ཆོག་གི་མེད་པ་རེད་འདུག།།
མེ་སོར་གསར་འགོད་པས།