སློབ་མ་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ཕན་ཐོགས་འདུག་ཟེར།
སློབ་ཕྲུག་ཚོར་ཆེད་དམིགས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་ནང་ཆོས་ངོ་སྤྲོད་བྱས་པས་ཕན་ཐོགས་གང་བྱུང་སྐོར་ནང་ཆོས་ངོ་སྤྲོད་ལ་བཅར་བའི་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་བྱས་པར། བུ་མོ་བསྟན་འཛིན་ཀུན་བཟང་གིས། སོ་སོས་ནང་ཆོས་ཟེར་ན་ག་རེ་ཡིན་མིན་སྐོར་ལ་ཧ་གོ་བ་དང་དོགས་པ་དེ་འདྲ་ཡོད་པ་དྲི་བ་དྲིས་ལན་གྱི་ལམ་ནས་གསལ་པོ་ཆགས་ཀྱི་འདུག ད་དུང་ཉིན་རེའི་འཚོ་བའི་ནང་ཕྲག་དོག་དང་ང་རྒྱལ་དེ་ཚོ་ངོས་ཟིན་པ་ཡོང་གི་འདུག་ཅེས་བརྗོད་སོང།
བུ་བསྟན་འཛིན་དབང་ལྡན་གྱིས། ང་འདི་ལ་སླེབས་ནས་ནང་ཆོས་ཟེར་བ་དེ་ཆོས་ལུགས་གཞན་པ་ལས་ཡག་པོ་ཡོད་པ་ཚོར་སོང༌། ད་དུང་ནང་ཆོས་ནང་ལ་རིགས་རུས་ཟེར་བ་དང་མི་ལ་མཐོ་དམན་གྱི་དབྱེ་འབྱེད་མེད་པ་གོ་སོང། ང་རང་སློབ་མ་ཞིག་གི་ཉིན་རེའི་འཚོ་བའི་ཁྲོད་ནང་ཆོས་ཏོག་ཙམ་ཤེས་པ་དེ་ཡིས་སློབ་སྦྱོང་ཡག་པོ་བྱེད་ཐུབ་པའི་ཚོར་སྣང་འདུག ནང་ཆོས་ཟེར་བ་དེའི་ཚེ་ཕྱི་མ་ལ་ཕན་ཐོགས་པ་དང་ད་ལྟ་ལ་ཡང་ཕན་ཐོགས་པ་ཡིན་པས་གལ་ཆེན་པོར་མཐོང་སོང་ཞེས་འགྲེལ་བརྗོད་བྱས་སོང།
བུ་མོ་བསྟན་འཛིན་ནོར་འཛིན་གྱིས། ངས་ནང་ཆོས་སྦྱངས་ནས་མི་ལ་ཕན་ཐོགས་པ་དང་མི་ལ་བདེ་བ་སྤྲད་ཐུབ་ཀྱི་ཡོད་པ་གོ་སོང། ཡང་སོ་སོའི་ཁོང་ཁྲོ་དེ་ཚོ་སྟངས་འཛིན་བྱེད་རྒྱུ་ལ་ཕན་ཐོགས་འདུག ནང་ཆོས་ངོ་སྤྲོད་བྱེད་སྟངས་འདི་ང་ཚོ་སློབ་ཕྲུག་ཚོར་ཧ་ཅང་འཚམས་པོ་ཞིག་འདུག སྐུ་ཞབས་ལགས་ཚོས་འགྲེལ་བཤད་གོ་བདེ་པོ་གནང་གི་འདུག ང་ཚོའི་སློབ་གྲྭར་ཆོས་དགེ་ཞིག་ཡོད་པ་དེས་མཚམས་མཚམས་སུ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་གི་ནང་ཆོས་ཅུང་ཙམ་འཁྲིད་ཀྱི་འདུག དེ་ལས་ང་ཚོའི་སློབ་གྲྭར་ནང་ཆོས་སློབ་ཚན་དམིགས་བསལ་ཡོད་པ་མ་རེད། ངས་གཞན་གྱི་སྡུག་བསྔལ་མེད་པ་དང་རང་ལ་བདེ་བ་ལོན་པ་དེ་འདྲ་ཞིག་ལ་བསམ་བློ་གཏོང་ཐུབ་ན་བསམ་གྱི་ཡོད་ཅེས་བརྗོད་སོང། བུ་མོ་འཇིགས་མེད་དོན་ལྡན་གྱིས། ང་ཚོ་ནང་པ་ཞིག་དང་བོད་པ་ཞིག་ཡིན་པའི་ཆ་ནས་ནང་ཆོས་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཤེས་རྒྱུ་གལ་ཆེན་པོ་རེད་བསམས་སོང། དེ་ནས་བྱམས་སྙིང་རྗེ་དེ་ཚོ་ནང་ཆོས་ནང་ཡོད་པ་ཡིན་པས་ང་ཚོས་ཆོས་དེ་ངོས་ལེན་བྱས་པ་རེད། ཆོས་ཟེར་རྒྱུ་དེ་ག་རེ་ཡིན་པ་ཤེས་དགོས་པ་རེད། ཆོས་སྦྱངས་ནས་སེམས་ལ་ག་རེ་རག་རྒྱུ་འདུག་ལྟ་རྒྱུའི་ཆེད་ང་འདིར་ཡོང་བ་ཡིན། བོད་པའི་བུ་ཕྲུག་ཡིན་ཟེར་དུས་ནང་ཆོས་ཟེར་རྒྱུ་དེ་ག་རེ་ཡིན་པ་མ་ཤེས་ན་ཐབས་སྐྱོ་པོར་བརྩི་ཡི་འདུག ད་ཐེངས་ནང་ཆོས་ངོ་སྤྲོད་གནང་མཁན་སྐུ་ཞབས་དེས་དེང་སང་ང་ཚོའི་དགོན་པ་ཁག་ན་ཕྱི་རྒྱལ་གྱི་མི་ཚོས་གྲྭ་པ་བྱས་ནས་ནང་ཆོས་སྦྱོང་གི་ཡོད་པ་རེད། དེ་ག་རེ་བྱས་ནས་རེད་གསུངས་སོང། དེ་ལ་བལྟས་ན་བོད་པ་དང་ནང་པ་མིན་པའི་མི་རིགས་གཞན་པ་ཚོས་ཀྱང་འདི་ལྟར་ནང་ཆོས་སྦྱོང་གི་ཡོད་པས། འདི་གལ་ཆེན་པོ་ཡིན་པ་རེད་བསམ་གྱི་འདུག་ཅེས་བརྗོད་སོང།
སློབ་ཕྲུག་ཚོས་སོ་སོའི་ནང་ཆོས་ངོ་སྤྲོད་ལས་བྱུང་བའི་ཚོར་སྣང་དག་འགྲེལ་བརྗོད་བྱས་སོང་ལ། ནང་ཆོས་ངོ་སྤྲོད་སྐབས་བུ་ལས་བུ་མོ་ཚོས་དོ་སྣང་ཆེན་པོ་བྱེད་པ་དང་དྲི་བ་མང་པོ་གཏོང་གི་འདུག་ལ། གསར་འགོད་པའི་དྲི་བར་ཡང་ལན་རྒྱག་མཁན་བུ་མོ་མང་བ་འདུག བུ་ཚོར་དེ་ཙམ་གྱིས་དོ་སྣང་མེད་པས་ནང་ཆོས་ངོ་སྤྲོད་ལ་བཅར་མཁན་ཉུང་བ། དྲི་བར་ངོས་ལེན་བྱེད་པའི་སྤོབས་པ་ཡང་ཞན་པོ་ཡིན་པའི་ཚོར་སྣང་བྱུང་སོང།།
མེ་སོར་གསར་འགོད་པས།
