བོད་དུ་གནམ་ཐང་གསར་པ་སྒོ་འབྱེད་བྱེད་འཆར།
གཞིས་རྩེ་ས་ཁུལ་གྱི་དམར་ཤོག་གཙོ་འཛིན་སྐལ་བཟང་ཚེ་རིང་གིས་གནམ་ཐང་དེ་༢༠༡༠ ལོའི་ཕྱི་ཟླ་༡༠ ཙམ་ལ་འགྲུལ་བཞུད་འགོ་འཛུགས་བྱེད་རྒྱུ་སྔོན་དཔག་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ལས་གཞི་དེར་ཨ་སྒོར་ས་ཡ་བདུན་ཅུ་དང་གྲངས་ཆུང་གསུམ་དང༌། ཕྱི་ལོ་༢༠༢༠ ཚུན་དུ་ལོ་རེར་འགྲུལ་པ་ཉིས་འབུམ་སུམ་ཁྲི་ཙམ་སྐྱེལ་འདྲེན་བྱེད་རྒྱུ་མ་ཟད། དེ་མཚུངས་དོ་སྐྱེལ་སོགས་ཀྱི་མཐུན་རྐྱེན་སྤྲོད་རྒྱུ་ཡིན་ཚུལ་དང༌། རྒྱ་གཞུང་གི་ལས་ཆར་ཁག་༡༨༠ ཆེད་དུ་ཨ་སྒོར་ཐེར་འབུམ་༡༠ དང་གྲངས་ཆུང་གསུམ་ལྷག་བཏང་བའི་ནང་གི་གཅིག་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་སྤྱི་མང་འགྲུལ་སྐྱེལ་གནམ་ཐང་གསུམ་ཡོད་པ་ནི། ལྷ་ས་གངས་དཀར་གནམ་ཐང་དང༌། ཉིང་ཁྲི་སྨིན་གླིང་གནམ་ཐང༌། ཆབ་མདོ་སྤོམ་མདའ་གནམ་ཐང་བཅས་དང༌། འཛུགས་སྐྲུན་བྱེད་བཞིན་པའི་གནམ་ཐང་བཞི་པ་དེ་མངའ་རིས་སུ་ཡོད་པ་དང༌། གཞིས་རྩེ་ཁུལ་གྱི་གནམ་ཐང་ཨང་ལྔ་པ་ཆགས་ཀྱི་ཡོད་འདུག གནམ་ཐང་དེ་བསྐྲུན་ནས་གཞིས་རྩེ་ཁུལ་དུ་ཡུལ་སྐོར་གྱི་ལས་དོན་འཕེལ་རྒྱས་འགྲོ་རྒྱུ་ཡིན་ཚུལ་ཡང་བརྗོད་ཡོད་པ་རེད།།