གཅིག་བསྡུས་ཡར་རྒྱས་འཆར་གཞི་བཞི་པ།
སྤྱིར་འཛམ་གླིང་ནང་རྒྱལ་ཁབ་ཚང་མས་སོ་སོའི་མི་འབོར་དང༌། དཔལ་འབྱོར། སྤྱི་ཚོགས་འཕེལ་ཕྱོགས་ལ་གཞིགས་པའི་དུས་བཅད་ཀྱི་འཆར་འགོད་བྱེད་ཀྱི་ཡོད་པ་ལྟར། བཙན་བྱོལ་བོད་གཞུང་ནས་ཀྱང་ཕྱི་ལོ༢༠༠༩ ནས་༢༠༡༡ བར་ལོ་ལྔ་ཚན་དུས་རིམ་གྱི་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང༌། དཔལ་འབྱོར་རིག་གཞུང་འཛིན་སྐྱོང་འཛུགས་སྐྲུན་བཅས་ཡར་རྒྱས་ཀྱི་འཆར་གཞི་ཡིན་པ་དང༌། ལས་གཞི་དེར་རྣམ་གྲངས་ཁག་༡༤༤ ཡོད་པ་དང་མ་གནས་འགྲོ་གྲོན་ཧིན་སྒོར་ས་ཡ་༥༨༩ ཨ་སྒོར་ས་ཡ་༡༣།༧ ཙམ་ཡིན། ད་རེས་འཆར་གཞི་བཞི་པ་འདི་འཆར་གཞི་གསུམ་པ་དང་མི་འདྲ་བར་ལག་བསྟར་ཚགས་ཚུད་ཡོང་སླད་ལས་གཞི་ཁག་གསུམ་དུ་དབྱེ་ཡོད། དེ་ཡང༌། དབུས་ཀྱི་ལས་གཞི་ནི་ཆབ་སྲིད་དང་རིག་གཞུང་འབྲེལ་བའི་དབུས་ལས་ཁུངས་ཁག་ནས་ལས་གཞི་ལག་བསྟར་གནང་ཕྱོགས་དང༌། ལས་ཁུངས་ཀྱི་ལས་གཞི་ནི་མང་གཙོའི་ཀ་བ་གསུམ་དང༌། རང་དབང་ཅན་གྱི་སྡེ་ཚན། བློན་ཆེན་ལས་ཁུངས་བདུན་བཅས་ཀྱི་འགན་དབང་གཞིར་བཟུང་ཡན་ལག་ཁག་ནས་ལག་བསྟར་བྱེད་ཕྱོགས། ས་གནས་ཀྱི་ལས་འཆར་ནི་ས་གནས་བྱེ་བྲག་རྨང་གཞིའི་འཛུགས་སྐྲུན་དང༌། སྨན་ཁང༌། སློབ་གྲྭ་ཁག་གི་འཐུང་ཆུ་དང༌། འགྲོ་ལམ། སྡོད་ཁང༌། གློག་སོགས་མཐུན་རྐྱེན་དགོས་མཁོའི་ལས་འཆར་ཁག་ཡིན་འདུག གཙོ་གནད་ལས་གཞི་འདིའི་དམིགས་དོན་ཁག་གསུམ་ནི། དང་པོ་གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བྱ་རྒྱུ་དང༌། གཉིས་པ་སྒྲིག་འཛུགས་སྲ་བརྟན་བཟོ་རྒྱུ། གསུམ་པ། ཁ་ཐོར་བོད་མི་རྣམས་ཟླ་སྒྲིལ་ཐུབ་པ་བྱེད་རྒྱུ་བཅས་ཡིན་འདུག་ལ། བཙན་བྱོལ་བོད་གཞུང་གི་རོགས་དངུལ་སྦྱར་བའི་ལས་གཞི་དག་འཚེ་བ་མེད་པ་དང༌། ཁོར་ཡུག་ལ་མི་གནོད་པ། དབུལ་ཕོངས་ལ་རོགས་སྐྱོར། ལས་གཞི་རྒྱུན་གནས་ཐུབ་པ་བཅས་ཕུགས་རྒྱང་རིང་པོའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཕན་བདེའི་ཆེད་དུ་མཐུན་འགྱུར་ཐུབ་པ་བྱེད་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག།།