ཡུལ་མིའི་ཆེ་མཐོང་གཟེངས་རྟགས་འབུལ་བཞེས།
བོད་ཀྱི་དབུ་ཁྲིད་ྋཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་ཞབས་སོ་འཁོད་ཡོད་པར། ང་ཚོ་པཱོ་ལན་ཌིའི་མི་ཚང་མར་སྤོབས་པ་སྐྱེས་སོང་ཞེས་གསུང་བཤད་གནང་ཡོད་པ་རེད། དེ་ཡང་པཱོ་ལན་ཌིའི་ལུང་པ་འདི་སྔོན་དུས་དམག་ཆེན་གཉིས་པའི་སྐབས་འཇར་མན་གྱི་བཙན་འཛུལ་འོག་ནས་ཧ་ཅང་དཀའ་ངལ་འཕྲད་མྱོང་ཡོད་པ་དང༌། དེའི་རྗེས་སུ་དམར་ཕྱོགས་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས། ཕྱི་ལོ་༡༩༨༩ བར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུའི་ལས་གཞི་འགྲོ་ཐུབ་མེད་པ་རེད། ལོ་རྒྱུད་དེ་དག་གཞིར་བཞག་ནས་མཛད་སྒོའི་ཐོག་ྋགོང་ས་མཆོག་གིས། དེ་རིང་པཱོ་ལན་ཌིའི་རྒྱལ་སའི་ཡུལ་མིའི་མཚན་བསྟོད་གཟེངས་རྟགས། ངོས་ལ་གནང་སོན་བྱུང་བ་འདིས་ཧ་ཅང་གི་སྤྲོ་སྣང་ཆེན་པོ་སྟེར་བྱུང་ལ། པཱོ་ལན་ཌིའི་ཡུལ་མི་ཚོའི་དད་པ་དང་འགྲན་ཟླ་བྲལ་བའི་བློ་གྲོས་ཀྱི་རིན་ཐང་དེ། ད་དུང་ཡང་ལུང་པ་འདིའི་ས་གཞིའི་སྟེང་ལ་གནས་བཞིན་ཡོད་པས། དཀའ་ངལ་ག་རེ་འཕྲད་ཀྱང་གནད་འགག་ཡོད་མ་རེད། གལ་ཆེ་ཤོས་ནི་ང་ཚོའི་བློ་གྲོས་དེ་བདེན་པའི་ཕྱོགས་སུ་ལངས་ཐུབ་དགོས་པདང༌། སྙིང་སྟོབས་དེ་ཞུམ་པ་མེད་པའི་ཐོག་ནས་འགྲོ་དགོས་པ་དེ་ཡིན་ཞེས་བཀའ་གནང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་གནས་བབས་ཐད་གསུང་དོན། འཛམ་གླིང་འདིའི་རྒྱལ་ཁབ་ཚང་མར་ཀུན་སྤྱོད་ཐོག་ནས་འོས་འགན་གཅིག་ཡོད་པ་ནི། རྒྱ་ནག་དེ་འཛམ་གླིང་གི་མང་གཙོའི་ལམ་ལུགས་ནང་འགྲོ་མཁན་གཙོ་བོ་ཞིག་ལ་བསྒྱུར་དགོས་པ་དེ་རེད་ཅེས་དང། བོད་པའི་ཕྱོགས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ། ཆོལ་གསུམ་གྱི་བོད་མི་ཡོངས་སུ་རྫོགས་པ་ལ། ཆེས་མཐོའི་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ཐོབ་དགོས་རྒྱུ་དེ་རེད་ཅེས་བཀའ་སློབ་ནན་པོ་གནང་ཡོད་པ་རེད།
དེ་བཞིན་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཕེབས་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། དུས་རབས་ཀྱི་གཅིག་སྒྲིལ་དཔའ་བོ་ཞེས་འབོད་པའི་པཱོ་ལན་ཌིའི་སྲིད་འཛིན་ཟུར་པ་ལཱི་ཆི་ཝལ་སཱ་མཆོག་གིས་ྋགོང་ས་མཆོག་ལ། ཁྱེད་ཀྱིས་གཞན་ལ་དམིགས་པའི་ཕྱག་ལས་འདི་འདྲ་བས། ནམ་ཞིག་ཁྱེད་ཀྱི་ལུང་པར་རང་དབང་ཐོབ་རྒྱུ་ཡིན་པ་ནི་ང་ཚོས་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད་ལ། ད་དུང་ཉིན་གཅིག་བོད་ཀྱི་ཡུལ་མིའི་མཚན་བསྟོད་གཟེངས་རྟགས་ཟེར་བ་འགོ་བརྗོད་ལ་འཁོད་པའི་གཟེངས་རྟགས་ཤིག ང་ལ་ཐོབ་རྒྱུ་ཡིན་པ་ནི་དེ་བས་ཀྱང་ཐེ་ཚོམ་ཟ་མི་དགོས་པ་ཞིག་རེད་ཅེས་གསུང་བཤད་གནང་ཡོད་པ་རེད།
སྲིད་འཛིན་ཟུར་པ་ཁོང་ནི་ཞི་བའི་ཐོག་ནས་ལུང་པ་ཆིག་སྒྲིལ་གྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས། ཕྱི་ལོ་༡༩༨༩ ལོར་ཡུལ་དེའི་དབང་འཛིན་པ་དམར་ཕྱོགས་ཚོགས་པ་མགོ་རྟིང་བསླགས་སྟེ། པཱོ་ལིན་ཌི་རྒྱལ་ཁབ་དེ་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་ཁྲིད་མཁན་གཙོ་བོ་ཞིག་ཡིན་པས། ཁོང་གི་མཚན་ལ་ཡོངས་གྲགས་སུ་དུས་རབས་ཀྱི་གཅིག་སྒྲིལ་དཔའ་བོ་ཞེས་འབོད་ཀྱི་ཡོད་པ་དང༌། ༢༠༠༨ ཟླ་བ་༡༢ པའི་ནང་ཁོང་ལ་གཅིག་སྒྲིལ་དཔའ་བོའི་གཟེངས་རྟགས་ཕུལ་ནས་མི་ལོ་༢༥ འཁོར་བའི་མཛད་སྒོའི་ཐོག ྋགོང་ས་མཆོག་ཆེད་དུ་ཆིབས་བསྒྱུར་གནང་མྱོང་ཡོད་པ་རེད།
ལུང་པ་འདི་ལ་བྱུང་མྱོང་བའི་དཀའ་ངལ་དང་ད་ལྟའི་བོད་ཀྱི་དཀའ་ངལ་གཉིས་ལ་འདྲ་བའི་ཆ་མང་པོ་ཡོད་ལ། ལྷག་པར་དུ་འདས་པའི་ལོ་གྲངས་མང་པོའི་རིང་ལ། འཇར་མིན་གྱི་བཙན་འཛུལ་དང་དམར་ཕྱོགས་རིང་ལུགས་པའི་དབང་སྒྱུར་འོག་ནས། པཱོ་ལན་ཌིའི་ནང་ཆབ་སྲིད་ཀྱི་རྙོག་འཛིང་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་མྱོང་ཡོད་པའི་ཉམས་མྱོང་གིས། བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གི་ཉེན་བརྡ་དང་ཚོང་དོན་གྱི་གྱོང་གུད་ལ་མ་འཛེམས་བར། ལྷག་བསམ་རྣམ་དག་གིས་བོད་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པའི་གནས་ཚུལ་གསར་ལམ་ཁག་ནས་སྤེལ་ཡོད་པ་རེད།