རྒྱ་ནག་དང་བལ་ཡུལ་ས་མཚམས་སྐོར་གྱི་ལྷན་ཚོགས།

    དེ་ཡང་བདུན་རྗེས་མར་འཚོག་གཏན་ཁེལ་བའི་ལྷན་ཚོགས་དེའི་ཐོག བལ་ཡུལ་གཞུང་ཕྱོགས་ནས་དམག་སྤྱི་ཆེན་མོ་ཀཱ་ཤོར་ལཱ་མ་ཡིས་སྣེ་འཁྲིད་འོག བལ་ཡུལ་གཞུང་ཞིབ་འཇུག་ལྷན་ཁང་གི་མི་སྣ། བལ་ཡུལ་ཉེན་རྟོག་ཁང་གི་གཞུང་འབྲེལ་འཐུས་མི་དང། ས་གནས་མཱ་སི་ཏང་སོགས་རྫོང་ཁག་༦ ཙམ་གྱི་ཆེས་མཐོའི་དཔོན་རིགས་བཅས་ལས་གྲུབ་པའི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་འགྲོ་རྒྱུ་ཡིན་ཞིང༌། བལ་བོད་ས་མཚམས་ཀྱི་རྫོང་ཁག་མཱ་སི་ཏང་དང་ཁྱིམ་མཚེས་ས་ཁུལ། བོད་ཀྱི་ས་གནས་ ཀོར་ར་ལའི་གཞུང་འབྲེལ་མི་སྣ་ལྷན་ཚོགས་དེའི་ཐོག་ཞུགས་བཅུག་མེད་པ་རེད།
    ལྷན་ཚོགས་དེས་རྐྱེན་བྱས་ཏེ་ས་མཚམས་ཁག་གཉིས་ཀྱི་ཡུལ་མི་ཚོའི་ཚོང་འབྲེལ་ལ་འགོག་རྐྱེན་སྣ་ཚོགསབཟོ་སྲིད་པའི་བསམ་ཚུལ་ཤོད་མཁན་མང་པོ་ཐོན་བཞིན་ཡོད་པ་དང༌། དེ་ཡང་ས་མཚམས་ཀྱི་ཚོང་པ་ཞིག་གིས། “རྒྱ་ནག་གི་དབང་འཛིན་པ་ཚོས་བལ་ཡུལ་ནས་ཚུལ་ཡོང་བའི་ཚོང་པ་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་དོགས་ཟོན་བྱས་ཏེ་དམ་དྲག་ནན་པོ་བྱེད་ཀྱི་འདུག་”ཅེས་བརྗོད་ཡོད་པ་རེད། བལ་ཡུལ་མཱ་སི་ཏང་རྫོང་གི་དཔོན་རིགས་སན་ཌར་རཱ་ཇི་ཟེར་བས། “མཱ་སི་ཏང་རྫོང་ཕྱོགས་ནས་བལ་ཡུལ་དང་བོད་གཉིས་ཀྱི་ས་མཚམས་དབར། ཚོང་ཟོག་ཕྱིར་གཏོང་དང་ནང་འདྲེན་བྱེད་ཆེད་དུ་བལ་ཡུལ་གྱི་ཚོང་པ་ཚང་མར་ངོ་སྤྲོད་ལག་ཁྱེར་བཟོ་གཏན་ཁེལ་ཡོད་”ཅེས་བརྗོད་ཡོད་པ་རེད།
    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ས་མཚམས་ཀྱི་སྐོར་ལ་དྲིལ་བསྒྲགས་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང༌། “རྒྱ་ནག་ཕྱོགས་ནས་ཉེན་རྟོག་དམག་དཔུང་གིས་ས་མཚམས་སྟངས་འཛིན་དམ་དྲག་ཆེ་རུ་བཏང་བའི་རྐྱེན་གྱིས། བོད་ནས་གསར་དུ་སྐྱབས་བཅོལ་ལ་ཡོང་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང༌། རྒྱུན་ལྡན་བོད་ནས་གསར་དུ་འབྱོར་མཁན་༢༥༠༠ དང་༣༥༠༠ ཙམ་གྱི་གྲངས་ཚད་བར་ཡོང་གི་ཡོད་ཀྱང༌། ༢༠༠༨ ལོ་བོད་ནས་གསར་དུ་འབྱོར་མཁན་༦༥༢ ཙམ་ལས་མེད་པ་དང༌། ༢༠༠༩ ལོར་ད་ལྟའི་བར་མི་གྲངས་༣༠༠ ཙམ་མ་གཏོགས་འབྱོར་ཐུབ་མེད་པ་རེད་”ཅེས་འཁོད་ཡོད་པ་རེད། སྤྱིར་བལ་ཡུལ་དང་བོད་གཉིས་དབར་དུས་རབས་མང་པོའི་རིང་ལ། ཆོས་ལུགས་དང་རིག་གཞུང་ཐད་ལ་འབྲེལ་ལམ་ཟབ་པོ་བྱུང་མྱོང་ཡོད་རུང༌། དེང་སྐབས་བལ་ཡུལ་གཞུང་གིས། བལ་ཡུལ་དུ་སྐྱབས་བཅོལ་ལ་ཡོད་པའི་བོད་མི་ཚོའི་ངོ་བོ་སྲུང་སྐྱོབ་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།