ལྷ་ཆོས་དགེ་བ་བཅུ་ཡི་སྐོར།
དེས་ན་མི་དགེ་བའི་ལས་རྣམས་མདོར་བསྡུས་ན་མི་དགེ་བའི་ལས་ལམ་བཅུ་སྟེ། ལུས་ཀྱི་མི་དགེ་བ་གསུམ་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ། ངག་གི་མི་དགེ་བ་བཞི་ནི། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱི་མི་དགེ་བ་གསུམ་ནི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་འདི་བཅུ་ནི་བྱ་བ་མི་ལེགས་པའམ་བྱ་མི་འོས་པ་སྟེ་མི་དགེ་བའི་ལས་ཡིན། དང་པོ་སྲོག་གཅོད་པ།ལུས་ཀྱི་མི་དགེ་བ་གསུམ་གྱི་དང་པོ་སྲོག་གཅོད་པ་ནི། ཀུན་སློང་ལ་བཟང་ངན་གྱི་ཁྱད་པར་མེད་པར་རང་གིས་བསམ་བཞིན་དུ་དངོས་ཤུགས་བརྒྱུད་གསུམ་ནས་གཞན་གྱི་ཚེ་སྲོག་ཐུང་དུ་བཅུག་ཡོད་ན་སྲོག་བཅད་པ་ཡིན། རང་གིས་ལག་ལེན་བསྟར་ནས་བསད་པའམ། གཞན་ལ་གསོད་གླ་སྦྱིན་པ་དང༌། དབང་དང་ཁྲིམས་ཀྱིས་གསོད་དུ་བཅུག་པ་སོགས་རང་ཉིད་མདུན་རྒྱབ་གང་དུ་ཡོད་ཀྱང་རུང་རང་གིས་སྲོག་བཅད་པ་ཡིན། ཐབས་ཀྱིས་བསད་པ་སྟེ་འཆི་སར་དཔའ་ཁས་ལེན་བྱེད་དུ་བཅུག་ནས་ཤི་བའི་བསྔགས་པ་བརྗོད་པ། རང་ཤི་རྒྱག་ཏུ་འཇུག་པ། མི་འཕྲོད་པའི་སྨན་དང་དུག་ལ་སོགས་པ་སྟེར་བ། ཕ་རོལ་པོ་འཆི་བའི་ཆེད་དུ་དྲག་སྔགས་བཟླ་བ་དང༌། གཏོར་མ་འཕེན་པ། དམོད་པ་དང༌། མནན་པ་བརྒྱབ་པ་སོགས་ཀྱི་དྲག་པོའི་ལས་སྦྱོར་བྱས་པའི་རྐྱེན་གྱིས་ཤི་བའམ། བཤས་རར་བཙོང་བ། ས་དང་རྡོ་སོགས་ཀྱི་རྡིབ་འོག་ལ་ཚུད་དུ་བཅུག་པ། ཆུ་ལ་བསྐྱུར་བ། མེར་བསྲེགས་པ་སོགས་ཐབས་སྣ་ཚོགས་པས་ཤི་རུ་བཅུག་ནའང་སྲོག་བཅད་པ་ཡིན། ཡང་ན། དོན་གལ་ཆེ་བ་དང་རྒྱལ་ཁབ་ཀྱི་ཁྲིམས་སྲུང་བ་དང༌། མང་ཚོགས་ཀྱི་བདེ་དོན་ཆེད་དུ་ཤི་རུ་བཅུག་པ་སོགས་མདོར་ན་རང་གི་ངོས་ནས་སྲོག་ཅིག་ཆེད་དུ་བཅད་པའི་ལས་ཤིག་བསགས་ཡོད་ཚེ། དེ་ཁྲིམས་ཐོག་ནས་ནག་ཅན་ཡིན་མིན་ལ་མ་ལྟོས་པར་སྲོག་བཅད་པའི་སྡིག་པ་ཡོད་པས་དེའི་འབྲས་བུའང་སྡུག་བསྔལ་ཁོ་ན་ཡིན། རང་གི་ཕ་མ་སོགས་དྲིན་ཅན་གཤིན་པོ་ཚོའི་དགེ་སྒྲུབ་ཀྱི་ཆེད་དམ། ཁྱིམ་ཚང་གི་བྱ་བ་ལམ་འགྲོ་ཡོང་བ་དང༌། ནད་མེད་ཚེ་རིང་ཡོང་བའི་སྐུ་རིམ་ཞབས་བརྟན་གྱི་ཆེད་དང༌། ཚོགས་བསགས་དགེ་སྒྲུབ་ཀྱི་དགེ་འདུན་པའི་བཞེས་ཐུག་གི་ཆེད་དུ་ཡིན་ཡང་རུང༌། བླ་མར་འབུལ་རྒྱུའི་གསོལ་བའི་ཆེད་སོགས་དགེ་བར་མིང་བཏགས་པ་གང་ཡིན་ཡང་རུང་དེའི་ཆེད་དུ་དམིགས་ནས་སྐམ་ལུག་ཉ་དང་བྱ་བྱེའུ་གང་རུང་གི་སྲོག་བཅད་པའི་ཤ་འབུལ་སའི་ཡུལ་བཟང་བ་དང༌། རང་གི་ཀུན་སློང་བཟང་ནའང་སྲོག་བཅད་ཡོད་པས། བཤན་པ་དང་སྦྱིན་བདག་གཉིས་ཀ་ལ་སྲོག་བཅད་པའི་སྡིག་པ་རེ་རེ་ཡོད་པ་སྨོས་མེད་ཐོག ཤ་དེ་དམིགས་ཤ་ཡིན་པས་འབུལ་སའི་སྐྱབས་ཡུལ་རེ་རེས་ཤེས་བཞིན་དུ་ཤ་ཟོས་ན་སྡིག་པ་རེ་རེ་བསྣོན་མར་འབུལ་གྱི་ཡོད་དུས་དགེ་ལས་སྡིག་ཆེ་བ་མ་ཟད། དེའི་འབྲས་བུ་ལམ་འགྲོ་མི་ཡོང་བ་དང༌། ཚེ་ཐུང་དུ་འགྱུར་བ་དང༌། བསོད་ནམས་ཀྱང་ཟད་པར་འགྱུར་བས་སྐྱབས་ཡུལ་གོང་མ་རྣམས་ལ་དམིགས་ཤ་ནམ་ཡང་འབུལ་མི་རུང༌། མི་ཞིག་བསད་ན་གཞན་གྱི་མཐོང་དོགས་པ་དང༌། ཤེས་དོགས་པ། འཁོན་ལན་སློག་དོགས་པས་ཟོན་བྱེད་དགོས་པ་མ་ཟད། ཁྲིམས་ལའང་འཇིགས་དགོས་པས་མི་གསོད་རྒྱུ་ཤིན་ཏུ་དཀའ་ནའང༌། མའི་མངལ་དུ་ཡོད་པའི་མིར་ཆགས་པ་ཞིག་བསད་ན་དེང་དུས་ཁྲིམས་ཐོག་ནས་ཉེས་པ་མེད་པར་མ་ཟད་ངན་སྨོད་དང་ཤ་འཁོན་སློག་མཁན་མེད་དུས། རང་ཉིད་ཁོ་ན་བདེ་བ་དང་སྤྱོད་ངན་གྱི་རྐུབ་འགེབས་པ་སོགས་ཀྱི་ཆེད་དུ་སྨན་ལ་སོགས་པའི་ཐབས་སྣ་ཚོགས་ཀྱིས་ཨ་མའི་མངལ་གྱི་མི་གསོད་པ་ལ་སྡིག་པ་མེད་པ་ལྟ་བུའི་སྲོལ་ངན་དར་བཞིན་ཡོད་ནའང༌། མིའམ་མིར་ཆགས་པ་གསོད་པ་ཞེས་སྲོག་བཅད་པའི་སྡིག་པ་འདྲ་མཚུངས་ཡོད་པར་གསུངས་པས་ཨ་མའི་མངལ་གྱི་ཕྲུ་གུ་བསད་ན་མི་བསད་པ་དང་མཚུངས་པའི་སྡིག་པ་ཤིན་ཏུ་ཆེ་བས་དང་པོ་ནས་སྡིག་པ་གསོག་མི་དགོས་པའི་ཐབས་ལམ་བསྟེན་དགོས། བསམ་བློ་ཞིབ་ཏུ་ཐོངས་དང༌། དེ་ཨ་མའི་མངལ་དུ་ཡོད་པ་དང༌། ཁ་གྲག་མི་ཤེས་པ། ངོ་མ་མཐོང་བ་ཙམ་ལས་ཕ་མ་གཉིས་ཀྱི་ཁུ་ཁྲག་འདུས་པ་ལས་བྱུང་བའི་རང་གི་བུ་ཚེ་སྲོག་དང་ལྡན་པ་ཞིག་རེད། དེས་ཁ་གྲག་ཤེས་ན། ཨ་མ། ཨ་མ། ངས་ཁྱོད་ལ་གནོད་པའི་ཉེས་པ་གང་བྱས་ཡོད་དམ། ང་ལ་སྲོག་ཁྲིམས་ཅིའི་ཕྱིར་གཅོད་ཅེས་ཞུ་བ་འབུལ་སྲིད། དེ་ཨ་མའི་མངལ་གྱི་ཕྱི་ལོགས་སུ་ཡོད་ན་རང་གི་བུ་དང་བུ་མོ་དེ་ཚོའི་སྤུན་མཆེད་ཡིན་པས་གསོད་ཕོད་དམ། དེ་བཞིན་དུ་སྲོག་ཆགས་དུད་འགྲོའི་རིགས་འབུ་སྲིན། བྱ་བྱེའུ། རང་གིས་བདག་སྐྱོང་བྱས་པའི་ནོར་ལུག་དང༌། ཐ་ན་གཞོན་རྟ། སྒོ་ཁྱི་སོགས་བསད་པའམ་བཤས་རར་བཙོང་ནའང་ཁྲིམས་ཐོག་ནས་ཉེས་པ་མེད་པ་མ་ཟད། དེ་དག་ནི་ཟས་རིགས་སྔོ་ཚལ་ལྟར། ན་ཚ་དང༌། སྡུག་བསྔལ། ཚེ་སྲོག་མེད་པ་ལྟ་བུར་ངོས་འཛིན་པ་འདི་ནོར་བ་ཡིན། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག ། ཅེས་གསུངས་ཡོད་པས་ང་ཚོ་ལ་ན་ཚ་ཡོད་པ་ནང་བཞིན་སྲོག་ཆགས་དུད་འགྲོ་ཆེ་ཆུང་ཐམས་ཅད་ལ་ན་ཚ་དང་སྡུག་བསྔལ་ཡོད། ང་ཚོ་རང་གི་སྲོག་ལ་གཅེས་པ་བཞིན་སྲོག་ཆགས་དུད་འགྲོ་ཚོས་རང་གི་སྲོག་ལ་གཅེས་ནའང༌། དེ་དག་རྒྱབ་རྩ་དང༌། དཔུང་གཉེན་མེད་པར་མ་ཟད། ནག་ཉེས་མེད་བཞིན་དུ་བསད་ནའང་ཤ་འཁོན་སློག་མཁན་སོགས་ཀྱི་དོགས་ཟོན་བྱེད་དགོས་ས་མེད་པས་གསོད་རྐྱང་བྱས་པ་འདི་ཆེས་མི་འོས་པ་ཞིག་རེད། དུད་འགྲོ་རྣམས་ཀྱི་ཚེ་སྲོག་ནི་དུད་འགྲོ་སོ་སོའི་ལས་དབང་གིས་གྲུབ་པ་མ་གཏོགས་དེ་ང་ཚོས་སྦྱིན་པ་དང་བཟོས་པ་ཞིག་མིན་པས་དེ་ཚོའི་ཚེ་སྲོག་ང་ཚོ་ལ་ཅིའི་ཕྱིར་དབང༌། མི་ཡི་ཚེ་སྲོག་མི་ལ་དབང་དགོས་ན་དུད་འགྲོའི་ཚེ་སྲོག་དུད་འགྲོ་ལ་ཅིའི་ཕྱིར་དབང་མི་དགོས། སྲོག་ཆགས་དུད་འགྲོ་རྣམས་ནི་བདེ་སྡུག་བཤད་མི་ཤེས་པས་ངག་ལྐུགས་པ་དང་འཁོན་ལན་སློག་པ་དང་སྲོག་སྐྱོབས་པའི་ཐབས་ལམ་མི་ཤེས་པའི་ཡིད་རྨོངས་ཡིན་པས་ངན་ཚོད་བལྟས་པ་མ་གཏོགས། དུད་འགྲོ་ཚོ་སྐྲག་དགོས་ས་ཞིག་ཡིན་ན་གང་བྱུང་གསོད་ཐུབ་པའི་སྤོབས་པ་མེད་ངེས་རེད། དེས་ན་འབུ་སྲིན་ནས་བཟུང་སེམས་ཅན་དུད་འགྲོ་ཆེ་ཆུང་གང་ཞིག་བསད་ནའང་སྲོག་བཅད་པའི་ཉེས་ཡོད་པ་མ་ཟད། གཟུགས་ཕུང་ཆེ་ཆུང་དང་གྲངས་མང་ཉུང་གི་ཐོག་ནས་སྡིག་པ་ལའང་ཆེ་ཆུང་ཡོད་པས་དུད་འགྲོའི་རིགས་གསོད་མི་ཉན། ཆོས་ཁས་མི་ལེན་པའི་གཤིས་འཇམ་ཞིག་ཡིན་ནའང་སེམས་ཅན་དུད་འགྲོ་གསོད་རྒྱུར་ཡང་ཡང་གོམས་པའི་རྗེས་སུ་སྤྱོད་པའང་རྩུབ་པོར་འགྱུར་བས་གསོད་པའི་བྱ་བ་ལ་ནམ་ཡང་འཇུག་མི་རུང༌། ལྷག་པར་རི་སྐྱེས་སྲོག་ཆགས་ནི་ལུང་པའི་མཛེས་རྒྱན་ཡིན་པར་མ་ཟད། བསད་ན་ཁོར་ཡུག་ལའང་གནོད་པས་གཅེས་སྲུང་བྱེད་དགོས་པའི་འགན་ང་ཚོ་ཀུན་ལ་ཡོད། སྔོན་གྱི་དུས་སུ་རི་རྒྱ་ཀླུང་རྒྱ་བསྡམས་ཏེ་རྔོན་བྱེད་མི་ཆོག་པའི་སྲོལ་བཟང་པོ་ཡོད་པ་བསྐྱར་གསོས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།