དཀར་མཛེས་དགྲ་འགུ་ལགས་སུ་ལོ་ལྔའི་ཁྲིམས་ཆད།

ཁོང་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་དོན་ནི། ཕྱི་ལོ་༢༠༠༨ ཟླ་༦ ཚེས་༢༡ ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་རྒྱལ་ས་ལྷ་སར་སྐོར་བསྐྱོད་དང་སྟབས་བསྟུན། དཀར་མཛེས་རྫོང་ཐོག་ཏུ་ཧ་ཅང་གི་དམ་དྲག་ཆེ་མིན་ལ་མ་ལྟོས་པར་མགོ་ལ་དཀྲིས་པའི་རས་དཀར་པོའི་སྟེང་བོད་རང་བཙན་ཡིན་ཞེས་བྲིས་པ་དང། གདོང་གི་མཁུར་ཚོས་གཉིས་སུ་བོད་ཀྱི་རྒྱལ་དར་རེ་བྲིས་ཏེ་རྫོང་གི་ཁྲོམ་གཞུང་དུ་སྐད་ཤུགས་ཆེན་པོས། ༡༽ རྒྱ་ནག་གཞུང་ནས་ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། ༢༽ བོད་ནང་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་སྤྲོད་དགོས། ༣༽ བོད་ལ་རང་དབང་དགོས་པ། ༤༽ བོད་ལ་དྲག་གནོན་བྱེད་མི་ཆོག ༥༽ བོད་ནང་ཡོད་པའི་རྒྱལ་མིའི་དམག་མི་ཚང་མ་ཕྱིར་འཐེན་བྱེད་དགོས་པ། ༦༽ དཀར་མཛེས་སུ་ཡོད་པའི་རྒྱ་མིའི་དམག་མི་ཚོས་བོད་ཉེས་རྡུང་གཏོང་བའི་ལག་ཆ་འདྲ་མིན་བེད་སྤྱོད་གཏོང་མི་ཆོག་པ། ༧༽ ཆབ་སྲིད་བཙོན་པ་གྲྭ་བཙུན་གཙོས་བོད་མི་ཡོད་ཚད་གློད་གྲོལ་གཏོང་དགོས་པ། ༨༽ དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་མང་པོ་ཞིག་ནང་རྒྱ་གཞུང་གི་དམག་མིས་མཐའ་བསྐོར་ཏེ་བསྡད་ཡོད་པ་དེ་ཚོ་ཕྱིར་འཐེན་བྱེད་དགོས་པ་མ་ཟད། ྋགོང་ས་མཆོག་དང་བོད་གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག  ༩༽ བོད་ནང་ཨོ་ལིམ་ཕིག་གི་དཔལ་འབར་སྐོར་བསྐྱོད་བྱེད་མི་ཆོག་པ་མ་ཟད། བོད་ཀྱི་བདག་པོ་བོད་མི་ཡིན། ཅེས་སོགས་ཀྱི་ནང་དོན་འཁོད་པའི་དོན་ཚན་༩ ཅན་གྱི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་རྐྱེན་ཡིན་འདུག་པ་དང། ཕྱི་ལོ་༢༠༠༩ ཟླ་༤ ཚེས་༥ ཉིན་ཁྲིམས་ཐག་བཅད་མ་ཟིན་པའི་ཆབ་སྲིད་བཙོན་པ་ནག་ཉེས་ཆེ་ཤོས་མི་གྲངས་༡༥ ཙམ་རླངས་འཁོར་ནང་བསྡམས་བཀྱིག་གིས་ས་གནས་གང་སར་ཁྲོམ་སྐོར་ཁྲིད་དེ་ཉེན་རྟོག་པས་མི་མང་རྣམས་ལ་འཇིགས་སྐུལ་གྱི་རྒྱང་གྲགས་ནས་” རྒྱ་གཞུང་ལ་ངོ་ལོག་བྱས་ན་བགྲོད་ལམ་འདི་ལས་ཡོད་མ་རེད་” ཅེས་སོགས་ཀྱི་སྡིག་ར་སྐུལ་སྐབས་ཁོང་ཡང་དེའི་གྲས་སུ་མཉམ་འཁྲིད་བྱས་ཡོད་འདུག

    གནས་ཚུལ་མཁོ་སྤྲོད་པ་དཀར་མཛེས་མདའ་མདོ་བ་དོན་འགྲུབ་བཀྲ་ཤིས་ནས།