རྒྱ་གར་གྱི་ཆབ་སྲིད་མི་སྣ་རྒན་གྲས་ཤིག་ཕྱིར་ཕུད།

སྐབས་དེར་ཁོང་གིས་གསར་འགོད་པ་ཚོར། མི་ལོ་༣༠ རིང་ངས་རང་སྲོག་བློས་གཏོང་གིས་ལས་དོན་སྒྲུབ་མྱོང་བའི་རྒྱ་གར་མི་མང་ཆབ་སྲིད་ཚོགས་པ་ནས། ང་ལ་གྲོས་བསྡུར་ཙམ་ཡང་མ་བྱས་པར་སྒྲིག་ཁོངས་ནས་ཕྱིར་འཕུད་བཏང་བར་ཧ་ཅང་གི་བློ་ཕམ་ཡོད་ཅེས་བརྗོད་ཡོད་པ་རེད།
    དེ་ཡང་དགུང་གྲངས་༧༢ ལ་སོན་པའི་རྒྱ་གར་མི་མང་ཆབ་སྲིད་ཚོགས་པའི་ཚོགས་མི། སྐུ་ཞབས་རྗཱ་སི་ཝན་སིང་མཆོག་ནི་རྒྱ་གར་གྱི་བདེ་སྲུང་བློན་ཆེན་དང་དཔལ་འབྱོར་བློན་ཆེན། རྒྱ་གར་དམག་གི་བཀོད་འདོམས་པ་བཅས་བྱེད་མྱོང་ཡོད་པ་དང། རྒྱ་གར་མི་མང་ཆབ་སྲིད་ཚོགས་པ་དང་པོ་འཛུགས་མཁན་གྱི་གྲས་སུའང་ཡོད་པས། ལས་དོན་གནད་དོན་ཆེ་ཁག་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་རུང༌། ཁོང་གིས་བྲིས་པའི་དཔེ་དེབ་ནང་པཱ་ཀི་སི་ཐན་རང་བཙན་རྩོད་མཁན་ཨ་ལི་རྗིན་ན་ལ་བསྟོད་ར་དང༌། འདས་ཟིན་པའི་རྒྱ་གར་གྱི་ཆབ་སྲིད་མི་སྣ་གནད་ཡོད་འགའ་ལ་དམའ་འབེབས་བྱས་ཡོད་པའི་རྐྱེན་གྱིས། རྒྱ་གར་མི་མང་ཆབ་སྲིད་ཚོགས་པའི་སྒྲིག་ཁོངས་ནས་ཕྱིར་འཕུད་བཏང་ཡོད་པ་རེད།
    སྤྱིར་རྒྱ་གར་གྱི་ཆབ་སྲིད་ཚོགས་པའི་འཐུས་མི་སྒྲིག་ཁོངས་ནས་ཕྱིར་འཕུད་བཏང་བ་ཁོང་ཐོག་མ་ཡིན་པར། དཔེར་ན། དེང་སྐབས་སྙན་གྲགས་ཆེ་བའི་ཡུས་པའི་མངའ་སྡེའི་བློན་ཆེན་མཱ་ཡ་ཝ་ཏི་རྒྱ་གར་མི་མང་ཆབ་སྲིད་ཚོགས་པས་ཕྱིར་འཕུད་བཏང་ཡོད་པ་དང༌། དེ་བཞིན་ཀོང་རི་སི་ཆབ་སྲིད་ཚོགས་པས་ཀྱང་འཐུས་མི་སྒྲིག་ཁོངས་ནས་ཕྱིར་འཕུད་གཏོང་མྱོང་ཡོད་པ་རེད།
    ཆབ་སྲིད་ཚོགས་པ་ཁག་ནས་ཕྱིར་འཕུད་བཏང་བའི་ཆབ་སྲིད་མི་སྣ་མང་པོས་ཚོགས་པ་ལོགས་སུ་བཙུགས་ནས། དེང་སྐབས་རྒྱ་གར་གྲོས་ཚོགས་སུ་རྐུབ་སྟེགས་ཐོབ་མཁན་མང་པོ་ཡོད་ལ། དེ་བཞིན་རྗཱ་སི་ཝན་སིང་ཁོང་གིས་ཀྱང་ཆབ་སྲིད་ཚོགས་པ་གཞན་ཞིག་བཙུགས་སྲིད་པ་དང༌། རྒྱ་གར་མི་མང་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་ཡ་བྲལ་དུ་གཏོང་སྲིད་པའི་བསམ་ཚུལ་ཤོད་མཁན་མང་པོ་བྱུང་ཡོད་པ་རེད། མི་འགའ་རེས་ཁོང་གིས་བསམ་པ་ལྟར་བཤད་ཕོད་པ་དེ་ལས་སླ་པོ་མིན་ཚུལ་གྱིས་བསྔགས་བརྗོད་བྱེད་མཁན་ཡང༌། མང་ནས་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།