ལྷ་སར་ཞོ་སྟོན་དུས་ཆེན་གཏོང་བཞིན་པ།

ད་དུང་ལྷ་སའི་སྦི་རག་དུས་ཆེན་དང་། རོལ་མོའི་མེ་ཕུང་དགོང་ཚོགས། ལྷ་སའི་རྒྱལ་སྤྱིའི་མ་ལ་སུང་རྒྱུག་རྩལ་འགྲན་བསྡུར། ཉོ་ཚོང་དངོས་མཇལ་ཚོགས་འདུ་བཅས་འཚོག་རྒྱུ་རེད་ཅེས་དང།

     ཞོ་སྟོན་ཞེས་པ་ནི་དབྱར་དུས་ཀྱི་དགའ་སྟོན་ཞིག་སྟེ། བོད་ཟླ་དྲུག་པའི་གནམ་གང་གི་སྔ་དྲོར་འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་པོ་གཙོ་བཞུགས་ཀྱི་གོས་སྐུ་ཆེན་མོ་བཤམ་པ་དེའི་སྐུ་མདུན་དུ་ཡུལ་ལུང་ཁག་ནས་ཕེབས་པའི་ལྷ་མོ་བ་རྣམས་ཀྱིས་རིམ་པས་གཟིགས་ཕུད་འབུལ་གྱི་ཡོད། ཞོ་སྟོན་དངོས་གཞི་དེ་བོད་ཟླ་བདུན་པའི་ཚེས་གཅིག་གཉིས་ནས་བཟུང་ཡུལ་ལུང་ཁག་གི་ལྷ་མོ་བ་རྣམས་ནས་རང་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་འདྲ་མིན་འཁྲབ་སྟོན་བྱེད་ལ་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས། ས་ཁུལ་གཞན་ནས་ཕེབས་པའི་བོད་མི་བཅས་ཀྱིས་གཟབ་མཆོར་གང་ལེགས་སྦྲས་ཏེ། ཞོ་སྟོན་གྱི་གཟིགས་མོར་ཕེབས་པ་དང་ཆབས་ཅིག་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པ་ཁྱེར་ནས་གླིང་ག་ཁག་ལ་ཅི་དགར་ལོངས་སུ་སྤྱོད་ཀྱི་ཡོད།

    ཞོ་སྟོན་ཞེས་པའི་མིང་གི་ཐ་སྙད་དེ་ཅི་འདྲ་བྱས་ནས་བྱུང་བའི་སྐོར་མདོར་བསྡུས་ཤིག་ཞུས་ན། དེར་བཤད་སྲོལ་ཁག་གཉིས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་མཚམས་སུ་ལས་མི་རྣམས་ལ་ཞོའི་སྟོན་མོ་བཏང་བ་ལས། དུས་ཆེན་དེའི་དབུ་ཐོག་མར་བརྩམས་པ་མ་ཟད་མིང་ལའང་དེ་ལྟར་ཐོགས་ཟེར་བ་གཅིག་དང་། ཡང་ཞོ་སྟོན་ཟེར་བའི་མིང་དེའི་འབྱུང་ཁུངས་ནི་བོད་ཟླ་བདུན་པའི་ནང་བོད་ལ་ཞོ་འཕེལ་ཞིང་ལེགས་པའི་སྐབས་ཡིན་པ་ན་ཞོའི་སྟོན་མོ་གཏོང་སྲོལ་ཡོད་ཟེར་བ་ཁག་གཉིས་ཡོད་ཅེས་བཀོད་འདུག

    ད་དུང་དྲ་ལམ་དེའི་ཐོག་ཏུ་དེང་སང་ཞོ་སྟོན་གྱི་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་སྐོར་དང། ཡུལ་སྐོར་གྱི་ཚོང་ར་དང། ཁྲོམ་རའི་ཚོང་ལམ་སོགས་ཧ་ཅང་ལེགས་པོ་ཡིན་སྐོར་བརྗོད་ཡོད་པ་རེད་ལ། སྤྱིར་བོད་ཀྱི་སྲོལ་རྒྱུན་དུས་ཆེན་ཁག་ནི་བོད་པ་རང་གིས་མ་གཏོགས། རྒྱ་གཞུང་གིས་ལག་པ་འཆང་དགོས་དོན་མེད་རུང། དེང་སང་རྒྱ་གཞུང་གིས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆ་སྟེ། གུང་ཁྲན་ཏང་ལ་བསྟོད་པ་དང་བཀའ་དྲིན་མཚོན་བྱེད་ཀྱི་ངོ་བོར་སྒྱུར་བ་དང། ད་དུང་ཤོག་སྦག་སྤར་བ་སོགས་རྒྱ་ལུགས་ཀྱི་རྣམ་པ་ཅན་དུ་བསྒྱུར་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

   ཞོ་སྟོན་དུས་ཆེན་སྐབས་སུ་ཕྱི་ལོགས་སུ་ཁྲ་རུག་རུག་གི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་ཀྱང། དོན་དུ་ཞོ་སྟོན་འགོ་འཛུགས་སྐབས་ནས་གྲོང་ཁྱེར་ནང་དུ་རྒྱ་དམག་མང་དུ་བཏང་ཡོད་པ་མ་ཟད། འགག་སྒོ་འདྲ་མིན་ལ་རྒྱ་དམག་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་ལྷ་སར་ཡོད་པའི་ཕྱི་རྒྱལ་ཡུལ་སྐོར་བ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་དང། དུས་ཆེན་སྐབས་སུ་སོ་སོའི་ངོ་སྤྲོད་ལག་ཁྱེར་སོགས་ཡིག་ཆ་ཆ་ཚང་འཁྱེར་རྒྱུ་མེད་ན་ལམ་སང་དངུལ་ཆད་གཅོད་པ་སོགས་བྱེད་ཀྱི་ཡོད་འདུག །