པོ་ཏཱ་ལ་དང་ནོར་བུ་གླིང་ཁ་ཉམས་གསོ་ལེགས་གྲུབ་བྱུང་ཡོད་ཟེར།
མཛད་སྒོ་དེའི་ཐོག་རྒྱ་ནག་གི་སྐུ་ཚབ་ལུའུ་ཡང་ཏུང་གིས་བརྗོད་པ་ལྟར་ན། བོད་ཀྱི་རིག་གནས་ཀྱི་རྗེས་ཤུལ་གཙོ་བོ་གསུམ་པོ་དེ་ཕྱི་ལོ་༢༠༠༢ ལོར་ཉམས་གསོའི་ལས་དོན་འགོ་བཙུགས་པ་དང་ཉམས་གསོའི་ལས་དོན་དེ་ནི་བོད་མིའི་རིག་གཞུང་སྲུང་སྐྱོབ་བྱེད་པའི་གལ་ཆེའི་ལས་དོན་གྱི་གྲས་ཤིག་ཡིན་ཞིང༌། དུས་རབས་བདུན་པའི་ནང་བཞེངས་སྒྲུབ་གནང་བའི་རྩེ་ཕོ་བྲང་པོ་ཏཱ་ལ་ནི་འཛམ་གླིང་གི་རིག་དངོས་སྲུང་སྐྱོབ་ཀྱི་ཐོ་གཞུང་གྲས་སུ་ཚུད་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤིན་ཧྭ་གསར་ཤོག་ཐོག་ཏུ། རྒྱ་ནག་གཞུང་གིས་རྩེ་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཁ་གཉིས་ཞིག་གསོའི་ལས་གཞི་དེར་རྒྱ་སྒོར་ས་ཡ་གསུམ་བརྒྱ་ལ་ཉེ་བ་དང་ཨ་སྒོར་གྱི་འཛའ་ཐང་ལྟར་བྱས་ན་ས་ཡ་བཞི་ཅུ་ཞེ་བཞི་ཙམ་འགྲོ་གྲོན་བཏང་བའི་སྐོར་དང། དེ་མིན་གྱི་ནང་ཆོས་ཀྱི་པོ་ཏི་མང་པོ་བཞུགས་ཡུལ་དང་རྩ་ཆེའི་ལྡེབས་རིས་རྙིང་པ་ཉར་ཚགས་བྱེད་ཡུལ་ས་སྐྱ་དགོན་དུ་ཉམས་གསོའི་ལས་དོན་སྤེལ་ཏེ་རྒྱ་སྒོར་ས་ཡ་དགུ་བཅུ་གོ་ལྔ་ཙམ་གྱི་འགྲོ་གྲོན་བཏང་བའི་སྐོར་བཀོད་ཡོད་པ་རེད།
བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་ནས་བོད་ཀྱི་ས་གནས་ཡོངས་དང། དགོན་སྡེ། ཕོ་བྲང་སོགས་ལ་གཏོར་བཤིག་ཚད་མེད་བཏང་བ་དང། འཛམ་གླིང་ནང་རིག་དངོས་སྲུང་སྐྱོབ་གལ་ཆེན་དུ་བརྩི་བཞིན་ཡོད་པར་བརྟེན། ལྷ་ཁང་དགོན་སྡེ་ཁག་ཀྱང་འཛམ་གླིང་གི་མིག་ལམ་དུ་སྟོན་ཆེད་བསྐྱར་གསོ་ཅུང་ཙམ་རེ་མི་མང་ལ་བྱེད་བཅུག་ཡོད་ནའང། བོད་ཡུལ་གྱི་གནའ་རྫས་གལ་ཆེན་ཁག་གི་བསྟི་གནས་གཏོར་བཤིག་བཏང་བ་དང། རིགས་དངོས་རྒྱ་ནག་ཏུ་དབོར་འདྲེན་བྱས་ཏེ། ད་ལྟ་ཕོ་བྲང་པོ་ཏཱ་ལ་ཡང་ཕྱིའི་རྣམ་པ་ཞིག་གསོ་བྱས་པ་ཙམ་ལས་དོན་དངོས་སུ་བོད་ཡུལ་གྱི་གནས་ཆེན་དང། ཕོ་བྲང་རྙིང་པ་དང། རིག་དངོས་རྩ་ཆེན་སོགས་སྲུང་སྐྱོབ་བྱེད་ཐབས་མེད་པ་ལྟ་བུ་ཆགས་ཡོད་པ་རེད།།