༧གོང་ས་མཆོག་ཐེ་ཝན་དུ་ཆིབས་སྒྱུར་གནང་འཆར།

ཐེ་ཝན་གྱི་མང་གཙོ་ཡར་ཐོན་པའི་ཚོགས་པའི་ཚོགས་མི་ཤ་སྟག་ཡིན་པའི་གྲོང་ཁྱེར་སྤྱི་ཁྱབ་པ་བདུན་པོ་དེ་དག་གིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། ཉེར་ཆར་ཐེ་ཝན་དུ་ཆར་རླུང་དྲག་པོས་གནོད་འཚེ་ཕོག་ས་ཀོ་ཤོའོ་རྫོང་དུ་༧གོང་ས་མཆོག་ཕེབས་རྒྱུའི་གདན་ཞུ་ཞུས་པ་བཞིན་ཞལ་བཞེས་གནང་ཡོད་པས། ཟླ་འདིའི་ཚེས་༣༠ ནས་ཕྱི་ཟླ་༩ ཚེས་༤ བར་འབྱུང་བའི་བར་ཆད་ཀྱི་འོག་ཏུ་འདས་གྲོངས་ཕྱིན་པ་རྣམས་ལ་བསྔོ་སྨོན་དང། ཤུལ་ལུས་རྣམས་ལ་མཇལ་ཁ་གནང་བ་སོགས་ཀྱི་མཛད་འཆར་ཡོད་སྐོར་འཁོད་ཡོད་པ་རེད།གནས་ཚུལ་དབྱེ་ཞིབ་པ་རྣམས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་པ་རྣམས་ནི་༧གོང་ས་མཆོག་ལ་དགའ་གུས་བྱེད་མཁན་ཤ་སྟག་ཡིན་པས། སྲིད་འཛིན་མཱ་ཡིང་ཇུའུ་བྱེད་ཐབས་མེད་པ་ཆགས་པ་དང། རྒྱ་ནག་གཞུང་ཁོང་ཁྲོ་དྲག་པོ་ལངས་རྒྱུ་ཡིན་ཚུལ་ཡང་བཤད་ཡོད་པ་རེད། འོན་ཀྱང་སྲིད་འཛིན་མཱ་ཡིང་ཇུའུ་འབྱུང་བའི་གནོད་འཚེ་ཕོག་སའི་སློབ་གྲྭ་ཞིག་ཏུ་གཟིགས་སྐོར་གནང་བའི་སྐབས་སུ་གསར་འགོད་པ་རྣམས་ལ། ཁོང་གིས་༧གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུའི་ཆོག་མཆན་གནང་བ་ཡིན་སྐོར་བརྗོད་ཡོད་པ་དང། ཁོང་གི་མགྲིན་ཚབ་པས་གསར་འགོད་པར་ད་རེས་ཀྱི་ཆིབས་བསྒྱུར་འདི་བཞིན་ཆོས་ཕྱོགས་དང་འགྲོ་བ་མིའི་ཞབས་འདེགས་ཀྱི་གནད་དོན་ཞིག་ཡིན་སྟབས། དེས་ཐེ་ཝན་དང་རྒྱ་ནག་སྐམ་ས་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་རྒྱུའི་གནས་ཚུལ་གང་ཡང་ཆགས་ཀྱི་མ་རེད་ཅེས་ལན་འདེབས་གནང་ཡོད་པ་རེད། སྤྱིར་གོ་མིན་ཏང་ཤོག་ཁག་གི་མི་སྣ་འགའ་ཤས་ཀྱིས་༧གོང་ས་མཆོག་ཐེ་ཝན་དུ་ཕེབས་སྐབས་ཆོས་ཕྱོགས་ཀྱི་མཛད་འཕྲིན་འབའ་ཞིག་ལས་ཆབ་སྲིད་ཀྱི་ཕྱག་ལས་མི་གནང་རྒྱུའི་རེ་བ་ཡོད་ལུགས་ཀྱི་གཏམ་བཤད་སྤེལ་མཁན་ཡང་བྱུང་ཡོད་པ་མ་ཟད། གོ་མིན་ཏང་ཤོག་གིས་བརྗོད་པ་ལྟར་ན། མང་གཙོ་ཚོགས་པས་འབྱུང་བའི་གནོད་འཚེ་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པའི་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་འདུག སྲིད་འཛིན་མཱ་ཡིང་ཇུའུ་ཡིས་ཉེ་ཆར་འབྱུང་བའི་གནོད་འཚེ་བྱུང་སྐབས་མྱུར་སྐྱོབ་ཀྱི་ལས་དོན་ཚགས་ཚུད་བྱུང་མེད་པས་མང་ཚོགས་ཀྱིས་ཡིད་ཆེས་ཆུང་དུ་ཕྱིན་ཡོད་ལུགས་ཀྱང་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད། བོད་མི་རྣམས་ཀྱིས་གནས་ཚུལ་འདིའི་སྐོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེ་རིང་གི་༧གོང་ས་མཆོག་གི་ཆིབས་སྒྱུར་དེས་རྒྱ་ནག་དམར་པོའི་འགོ་ཁྲིད་རྣམས་ཁོང་ཁྲོ་ཆེན་པོ་བྱེད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།