༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་འབྱོར་བྱུང་བ།

ཕྱི་ཟླ་༨ ཚེས་༣༠  ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དང་ཐག་ཉེ་བའི་ཐའོ་ཡོན་ཞེས་པའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ཀའོ་ཞུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ལྕམ་གྲེན་ཁྲུའུ་ཡིས་གཙོས་པའི་ཐའེ་ཝན་མི་མང་རྣམས་ཀྱིས་མཇལ་དར་སོགས་ཁྱེར་ནས་གུས་བསུའི་སྣེ་ལེན་ཞུས་འདུག་ལ། དེར་ཡོད་བོད་མི་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་ནས་དགའ་བསུ་ཞུས་ཡོད་པ་རེད།


༧གོང་ས་མཆོག་གིས་དེར་གསར་འགོད་པ་རྣམས་ལ་གསུངས་པ་ལྟར་ན། དེ་རིང་ཐའེ་ཝན་དུ་ཕེབས་པ་འདི་ནི་མི་ཆོས་རིང་ལུགས་དང་ཆོས་ཕྱོགས་ཀྱི་གནས་སྟངས་ཁོ་ན་ཡིན་སྟབས། ཆབ་སྲིད་ཀྱི་གཏམ་བཤད་གང་ཡང་སྤེལ་འཆར་མེད་ལ། ༧གོང་ས་མཆོག་རང་ཉིད་ནི་ནང་པའི་དགེ་སློང་ཞིག་ཡིན་པས་གལ་ཏེ་གཞན་གྱི་སྡུག་བསྔལ་མཉམ་སྤྱོད་དགོས་པའི་འབོད་སྐུལ་ཞུས་ཚེ་ཞལ་བཞེས་གནང་རྒྱུ་ནི་ཁོང་ཉིད་ཀྱི་བཟང་སྤྱོད་ཅིག་ཡིན། དེ་རིང་ཐའེ་ཝན་ལ་ཞལ་བཞེས་གནང་བ་ལྟར་ཕེབས་པ་ཡིན་ཞེས་དང། ཆབ་སྲིད་དང་འབྲེལ་བ་མེད་སྟབས་དེ་རིང་གི་ཆིབས་སྒྱུར་དེས་རྒྱ་ནག་དང་ཐའེ་ཝན་གཉིས་བར་མི་མཐུན་པའི་དངངས་འཚབ་སློང་གཞི་ཆགས་ཀྱི་མ་རེད་ཅེས་གསུངས་འདུག 
ཉེ་བའི་ཆར་ཐའེ་ཝན་དུ་མི་ལོ་ལྔ་བཅུའི་རིང་བྱུང་མྱོང་མེད་པའི་མོ་རཱ་ཀོ་ཊི་ཞེས་པའི་མཚོ་རླུང་དྲག་པོ་བརྒྱབ་པས། མི་གྲངས་༥༧༠ ཙམ་གྱི་ཚེ་སྲོག་ཤོར་བ་དང། སྡོད་ཁང་སོགས་མི་རྒྱུ་ལ་གོད་ཆག་ཚབས་ཆེན་བྱུང་བའི་ས་ཆ་ཀོ་ཞུང་རྫོང་དང། ཧྲི་ཨོ་ལིན་གྲོང་གསེབ།  བིང་ཏུང་རྫོང་བཅས་སུ་༸གོང་ས་མཆོག་ཆེད་ཕེབས་ཀྱིས་སྲོག་ཤོར་བ་རྣམས་དང། རྨས་སྐྱོན་ཕོག་པ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གནང་ཡོད་པ་རེད།
༸གོང་ས་མཆོག་ཐའེ་ཝན་དུ་ཕེབས་སྐབས། རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བར་གནོད་སྐྱོན་ཡོང་བར་བསམ་མཁན་གྱི་རྒྱ་མི་ཉི་ཤུ་ཙམ་གྱིས་སྐད་འབོད་བརྒྱབ་ནས་ངོ་རྒོལ་བྱས་ཡོད་པ་དང། རྒྱ་ནག་གཞུང་གི་མགྲིན་ཚབ་པས་༸གོང་ས་མཆོག་ཐའེ་ཝན་དུ་ཕེབས་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་དང། ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པར་སྐྱོན་བརྗོད་དང་འབྲེལ། ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་བར་དོ་ཕོག་ཡོང་རྒྱུ་ཡིན་སྐོར་སྡིགས་ར་དང་མི་འདོད་པའི་རྣམ་འགྱུར་མང་པོ་ཞིག་སྟོན་གྱི་ཡོད་འདུག 
སྤྱིར་དེ་རིང་གི་ཆིབས་སྒྱུར་འདི་༸གོང་ས་མཆོག་ཐའེ་ཝན་དུ་ཆིབས་སྒྱུར་གནང་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།།