ང་རང་ལ་རྨི་ལམ་ཞིག་རྨིས་སོང་།

རྨི་ལམ་ནི་མི་སུ་ལ་ཡང་ཡོད་ཆོག་པ་ཞིག་ཡིན་ལ། དེ་ཡང་རྨིས་ཟིན་པ་དང་རྨིས་ངེས་པ། རྨིས་དགོས་པ་སོགས་གང་ཡིན་ཡང་། ཆ་འཇོག་ཡིད་རྟོན་བྱེད་མཁན་ནི་ཆེས་དཀོན་པོ་ཡིན་ཚོད་རེད། འོན་ཀྱང་། ང་ནི་རྨི་ལམ་རྨིས་དགོས་མཁན་གྱི་རྨི་ཞིག་ཡིན་ལ། རྨི་ལམ་རྨིས་ཀྱི་ཡང་ཡོད། རེད་དེ། རྨི་ལམ་ཁ་ཤས་ཤིག་ཞོགས་པ་མལ་ལས་སད་དུས་བརྗེད་ཟིན་པ་ཡིན་ལ། ཕྱིར་འདང་ག་ཚོད་བརྒྱབ་ཀྱང་དྲན་མི་སྲིད་པ་ལྟ་བུ་ཞིག་ཡིན། ཁ་ཤས་ཤིག་ནི་བརྗེད་འདོད་ཀྱང་བརྗེད་མི་ཐུབ་པར་ཞོགས་པ་མིག་ཕྱེ་མ་ཐག གློག་བརྙན་བཞིན་དུ་མིག་ལམ་དུ་མངོན་ནས་འོང་གི་ཡོད།

འདང་གི་རྨི་ལམ་དེ་ནི་བརྗེད་འདོད་ཀྱང་། བརྗེད་དུ་མེད་པ་དེའི་རིགས་ཤིག་རེད། ང་རང་བླ་བྲང་གི་བཀྲ་ཤིས་འཁྱིལ་དགོན་པའི་སྐོར་ལམ་ཞིག་ལ་འབྱོར་འདུག་པ་མ་ཟད། ང་རང་མི་ཞིག་དང་ལྷན་དུ་བསྐོར་ར་འགྲོ་བཞིན་འདུག་ན་ཡང་། བསྐོར་ལམ་གྱི་མཚམས་མཚམས་སུ་དགེ་བཤེས་མིང་དུ་གྲགས་པ་ཆེས་མི་ཉུང་བ་ཞིག་གིས་རང་རང་གི་ཁྲི་རེ་བརྒྱབ་དེ། ཁྲི་སྟེང་གོས་སེར་པོ་རྐྱང་རྐྱང་གི་གཡོག་ནས་བཞག་འདུག་ལ། ཁྲིའི་རྒྱབ་ལོག་དུ་པོ་ཏི་བརྩིགས་པ་བརྩིགས་པ་བཞིན་དུ་བརྩིགས་ནས་བཞག་འདུག མང་ཆེ་ཤོས་ཤིག་ཕར་བལྟས་ཚོད་ཀྱི་དཔེ་ཆ་སྣ་རིང་དག་མ་ཡིན་པར། མགོ་ཚེམ་རྐྱང་རྐྱང་རེད་འདུག དེ་དུས་ང་རང་གློ་བུར་དུ་ཡ་མཚན་དང་བཅས་དེ་ང་རང་གི་འཁྲིས་ཀྱི་མི་དེ་ལ་འདི་ག་རེ་བྱེད་ཀྱི་ཡོད་པ་རེད་ཟེར་ནས་དྲིས་དུས། མི་དེའི་མི་འདི་དག་གིས་ནག་ཉེས་བསགས་པ་རེད་ཟེར་ནས་ཁོང་ཚོ་དང་ཁོང་ཚོས་བརྩམས་པའི་རང་རང་གི་དཔེ་དེབ་དང་བཅས་དེ་སྲིད་གཞུང་གིས་ནག་ཉེས་བཙུགས་དེ་བསྐོར་མཐའ་ནས་ཁྲོམ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ཟེར། དེ་དུས་ངས་དེས་ན་ཁོང་ཚོ་ཉེས་ཁྲིམས་གཅོད་མ་ཐུབ་པ་གང་རེད་ཅེས་དྲིས་དུས། དེ་ནི་ཁོང་ཚོ་ནི་ས་ཁུལ་འདིས་སློབ་དཔོན་ཆེན་མོ་རྐྱང་རྐྱང་ཡིན་དུས། ཁོང་ཚོ་ཁྲིམས་ལ་བཅུགས་པ་ཡིན་ན། ཁོང་ཚོའི་སློབ་མ་དག་རང་འགན་མི་འདུག་པ་ཤེས་སྟབས་འདི་ཙམ་གྱིས་འཐུས་པ་བྱས་པ་རེད་ཟེར་ནས་ལན་བཏབ་སོང་།

ང་རང་གིས་བསྐོར་ར་འགྲོ་ཞོར་དུ། དཔེ་མེད་ཀི རང་ཡུལ་ནས་རང་སྐད་དང་རང་ཡིག་སྤྱོད་པ་དེ་ཡང་ནག་ཉེས་རུ་ཆགས་ཀྱི་ཡོད་ན་ད་ནི་གསོན་ཡང་སྙིང་བོ་མི་འདུག་བསམ་ཞོར་དུ། བསྐོར་མཐའ་དེ་ནས་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཟེར་ནས་སྐད་འབོད་བྱས་སོང་། སྐབས་དེ་འདྲ་ཞིག་ལ་ང་རང་གི་བུ་མོ་ཐར་མ་མཚོ་ངུས་དེ་ང་རང་རྨི་ལམ་ལས་དཀྲོགས་སོང་། ངས་དེ་རིང་ཉིན་བཀང་བོར་ལས་ཀ་བྱེད་ཞོར་དུ། དམིགས་བསལ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དེ་དག་གི་དཔེ་ཁྲིད་བྱེད་པ་ལ་ཡང་རྒྱའི་སྲིད་གཞུང་གིས་ཚོད་འཛིན་བྱེད་ཀྱི་མེད་དམ་སྙམ་ཞོར་བསམ་བློ་འདྲ་མིན་བཏང་བ་ཡིན།