ྋགོང་ས་མཆོག་གིས་ཐའེ་པེ་རུ་བོད་མི་ལ་བཀའ་སློབ་གནང་བ།
ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་འཕྲལ་སེལ་ཁྲ་ཁྲ་ཟང་ཟིང་བྱས་ནས་ཨོ་ཙམ་ཡོད་ན། དེས་སེམས་གཡེང་ནས་འགྲོ་བསྡད་ཡོད་པ་རེད་མ་གཏོགས། ངོ་ཐོག་ལ་བསམ་བློ་བཏང་ན་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་ལག་རྗེས་བཞག་པའི་བོད་མི་རིགས་ཞེས་ལོ་རྒྱུས་ཡོད་བསྡད་པ་དེ་ཤི་དང་གསོན་གྱི་སྒང་ལ་སླེབས་བསྡད་པ་དེ་ཛ་དྲག་པོ་རེད་འདུག དེ་བོད་པ་ས་ཕྱོགས་གང་དུ་ཡོད་ཀྱང་བརྗེད་རྒྱུ་ཡོད་མ་རེད། རང་ཉིད་ས་ཕྱོགས་གང་དུ་ཡོད་ཀྱང་བོད་གངས་ཅན་ལྗོངས་ཀྱི་གནས་སྟངས་ག་འདྲ་ཐབས་སྐྱོ་པོ་ཆགས་བསྡད་པ་དེ་ག་དུས་ཡིན་ཡང་མ་བརྗེད་པ་བྱས་ནས། དེ་སེམས་ལ་ངེས་པ་གྱིས་ཞེས་ྋགོང་ས་མཆོག་གིས་བཀའ་གནང་ཡོད་པ་རེད།
ྋགོང་ས་མཆོག་གིས་ཐེ་ཝན་དུ་རང་བྱུང་གནོད་འཚེའི་འོག་ཤི་རྨས་དང་གོད་ཆག་བྱུང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་མཛད་པ་དང་སྦྲགས། ཐེ་ཝན་གྱི་ཡེ་ཤུའི་ཆོས་དཔོན་ཧྲན་ཁུའུ་ཤིའི་ཡིས་གཙོས་པའི་མི་སྣ་༡༢༠༠ ལྷག་ཙམ་དང་ལྷན་དུ་བགྲོ་གླེང་ཞིག་གི་ཐོག་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར་སྐོར་ལ་གསུང་དོན། ཕན་ཚུན་གུས་བཀུར་གྱི་ཐོག་ནས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང། ཕྱོགས་ཕན་ཚུན་གྱི་གནས་ལུགས་རྟོགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།
དེ་རྗེས་ཕྱི་ཚེས་༣ ཉིན་རྒྱལ་ས་ཐའེ་པེ་རུ་ཐེངས་འདིའི་ཆིབས་སྒྱུར་གོ་སྒྲིག་གནང་མཁན་གྱིས་གཙོས་པའི་བོད་མི་ལྔ་བརྒྱ་ལྷག་ཙམ་དང། དེ་བཞིན་རྒྱ་རིགས་དད་ལྡན་པ་སོགས་ལ་བཀའ་སློབ་གནང་དོན། བོད་གངས་ཅན་པ་ཞེས་པ་དེ་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་རེད། ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པའི་མི་རིགས་ཤིག་ཆགས་བསྡད་ཡོད་པ་རེད། དེ་འདྲའི་མི་རིགས་དེ་ཤི་དང་གསོན་གྱི་མཚམས་ལ་སླེབས་བསྡད་པ་ཞིག་རེད་འདུག དེ་འདྲ་ཡིན་དུས་སེམས་སྐྱོ་པོ་ཞིག་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་འཕྲལ་སེལ་ཁྲ་ཁྲ་ཟང་ཟིང་བྱས་ནས་ཨོ་ཙམ་ཡོད་ན། དེས་སེམས་གཡེང་ནས་འགྲོ་བསྡད་ཡོད་པ་རེད་མ་གཏོགས། ངོ་ཐོག་ལ་བསམ་བློ་བཏང་ན་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་ལག་རྗེས་བཞག་པའི་བོད་མི་རིགས་ཞེས་ལོ་རྒྱུས་ཡོད་བསྡད་པ་དེ་ཤི་དང་གསོན་གྱི་སྒང་ལ་སླེབས་བསྡད་པ་དེ་ཛ་དྲག་པོ་རེད་འདུག དེ་བོད་པ་ས་ཕྱོགས་གང་དུ་ཡོད་ཀྱང་བརྗེད་རྒྱུ་ཡོད་མ་རེད། རང་ཉིད་ས་ཕྱོགས་གང་དུ་ཡོད་ཀྱང་བོད་གངས་ཅན་ལྗོངས་ཀྱི་གནས་སྟངས་ག་འདྲ་ཐབས་སྐྱོ་པོ་ཆགས་བསྡད་པ་དེ་ག་དུས་ཡིན་ཡང་མ་བརྗེད་པ་བྱས་ནས། དེ་སེམས་ལ་ངེས་པ་གྱིས། དེ་ལུགས་ཀྱིས་སོ་སོའི་ངོས་ནས་བོད་རྒྱ་ཆེའི་མི་མང་དེ་ཚོ་ལ་གཏམ་བརྗོད་ཀྱི་རང་དབང་ཡོད་མ་རེད། ཁོ་ཚོའི་རེ་འདུན་དེ་ཕྱི་ལོགས་སུ་ཐད་ཀར་སླེབས་ཐུབ་པ་ཡོད་མ་རེད། ན་ནིང་འུ་ཐུག་ནས་ཞི་བའི་ངོ་རྒོལ་གྱེན་ལངས་བྱས་ནས་འཛམ་བུ་གླིང་འདིའི་སྒང་ལ་ཆོལ་ཁ་གསུམ་ཞེས་པ་ཞིག་ཡོད་པ་གསལ་པོ་བྱུང་སོང། གང་ས་ནས་བལྟས་ན་ངོ་རྒོལ་བྱེད་ས་དང། རྒྱ་མིས་དྲག་གནོན་བྱེད་སའི་ས་ཆ་མང་བ་དེ་མདོ་སྟོད་སྨད་ནང་ལ་རེད་འདུག མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུའུ་ནན་དེ་ཚོའི་ནང་ལ་ཤུགས་ཆེ་བ་འདུག ང་ཚོས་ནམ་རྒྱུན་བོད་ཆོལ་ཁ་གསུམ་ཞེས་བཤད་སྡོད་ཀྱི་ཡོད་རེད། དེ་ལ་འགྲེལ་བཤད་མང་པོ་ཞིག་རྒྱག་དགོས་ཀྱི་འདུག ན་ནིང་གི་གནས་སྟངས་དེའི་འོག་ནས་འགྲེལ་བཤད་རྒྱག་མི་དགོས་པར་རྒྱ་མི་གུང་ཁྲན་ལ་ངོ་རྒོལ་བྱས་བསྡད་པ་ཞིག་དང། བོད་ལ་རྒྱ་མིས་དྲག་གནོན་བྱས་བསྡད་པ་དེ་ས་ཁུལ་དེ་ཚོ་བོད་པ་ཡོད་སའི་ས་ཆ་རེད། ང་ཚོས་ཆོལ་ཁ་གསུམ་ཤོད་པ་དེ་རེད།
ང་ཚོ་ཕྱི་ལོག་ལ་ཡོད་པའི་བོད་པ་ཚོས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་འདུན་དང་སྙིང་སྟོབས་དེ་དག་ང་ཚོས་དྲན་པ་བྱས་ནས། ཕྱི་ལོག་ལ་ཡོད་མཁན་ཚོས་ཚབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་སོགས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༤ ཉིན་ྋགོང་ས་མཆོག་ཐེ་ཝན་གྱི་ཐའོ་ཡོན་གནམ་ཐང་དུ་རྒྱ་གར་དུ་ཕྱིར་ཕེབས་ཁར། གསར་འགོད་པ་ཞིག་གིས་ྋགོང་ས་མཆོག་ལ་ཁྱེད་རང་བོད་དུ་ཕྱིར་ཕེབས་ཐུབ་པར་དགོངས་ཀྱི་ཡོད་མེད་ཀྱི་དྲི་བར། ང་རང་བོད་དུ་ཕྱིར་ལོག་རྒྱུའི་གྲ་སྒྲིག་ཡོད་ལ་བོད་མི་ཚང་མ་བོད་དུ་ཕྱིར་ལོག་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།།