གྲོས་ཚོགས་མཇུག་བསྡོམས་རྒྱག་ཐུབ་མེད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པ་དེ་ཟླ་འདིའི་ཚེས་༧ ཉིན་ནས་དབུ་འཛུགས་བྱས་ཡོད་པ་དང། གྲོས་ཚོགས་ཐོག་སྤྱི་འཐུས་སྒེར་གྱི་གྲོས་འཆར་གྲོས་ཆོད་ཅིག་གི་ཐོག་བསམ་ཚུལ་མ་མཐུན་པ་བྱུང་ནས་ཁག་ཅིག་གིས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཆེད་ཚོགས་འདུ་ལ་མ་བཅར་བར་བརྟེན། ཚོགས་འདུའི་གྲུབ་ཆ་མ་ལོངས་ནས་ལས་རིམ་མུ་མཐུད་མ་ཐུབ་པ་མ་ཟད། ཚོགས་འདུ་མཇུག་བསྡོམས་ཡང་རྒྱག་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་འདུ་མཚམས་འཇོག་དགོས་བྱུང་ཡོད་པ་རེད།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྗེས་སོར་གནས་སྟངས་ག་འདྲ་བྱེད་དགོས་མིན་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་པ་ནས། ད་ལྟའི་བར་ཚོགས་གཙོ་གཉིས་ཀྱིས་ཤེས་གསལ་ལྟར་ན། གྲོས་ཚོགས་ཀྱི་ཕྱི་ལ་ཐོན་ནས་གྲུབ་ཆ་མ་ལོངས་པར་བརྟེན་ནས་འཚོག་མ་ཐུབ་པ་དེ་འདྲ་བྱུང་ཡོད་པ་མ་རེད། འདི་གནས་སྟངས་གསར་བ་ཞིག་ཆགས་པ་རེད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དང༌། བཅའ་ཁྲིམས་དེ་ཚོའི་ནང་ཚོགས་འདུ་མཇུག་ག་འདྲ་ཞིག་བསྒྲིལ་དགོས་ཀྱི་ཡོད་གསལ་པོ་ཡོད་པ་མ་རེད་ཅེས་དང༌། གལ་སྲིད་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་མུ་མཐུད་ནས་གནས་ན། གྲོས་ཚོགས་འཚོག་ཐུབ་ཀྱི་མི་འདུག གནས་སྟངས་འདི་འདྲ་ཆགས་འདུག་ཅེས་ྋགོང་ས་མཆོག་ལ་སྙན་སེང་ཞུ་དགོས་པ་རེད། ྋགོང་ས་མཆོག་གིས་བཅའ་ཁྲིམས་དགོངས་དོན་ལ་གཟིགས་ཞིབ་གནང་ནས། ཁྲིམས་ཞིབ་པ་ཆེ་བ་དང༌། བཀའ་བློན་ཁྲི་པ། གྲོས་ཚོགས་ཀྱི་ཚོགས་གཙོ་དང། ཚོགས་གཞོན་བཅས་ལ་གོ་བསྡུར་གནང་རྒྱུའི་ཐབས་ལམ་ཞིག་ཡོད་པ་རེད་ཅེས་དང། དེ་ཙམ་གྱིས་ཚབས་ཆེན་པོ་ཆགས་སོང་དང་ཆགས་མ་སོང་ཟེར་བ་དེ་འགྲེལ་བ་རྒྱག་མཁན་དང། གོ་བ་ལེན་སྟངས་ཀྱི་ཐོག་ནས་ཡོང་སྲིད་པ་ཞིག་རེད། ད་ལྟ་ཐད་ཀར་ྋགོང་ས་མཆོག་གི་སྐུ་མདུན་དུ་བཅར་རྩིས་མེད། མཛད་འཕྲིན་ཆེན་པོ་རེད། ཡིན་ནའང་སྙན་སེང་ཞུ་དགོས་པ་དེ་ང་ཚོའི་ལས་འགན་རེད། སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྣམ་པ་ཚོར་བཅར་ནས་བཀའ་མོལ་ཞུ་རྒྱུ་བང་བསྒྲིགས་བསྡད་ཡོད། སྤྱི་འཐུས་སྒེར་གྱི་གྲོས་འཆར་གྲོས་ཆོད་ཅིག་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ནང་ཕྱོགས་གཉིས་འདྲ་བོ་ཞིག་ཆགས་ཏེ། བཀའ་བསྡུར་མང་པོ་བྱས་པ་རེད། དབྱིན་ཇི་ཡི་སྐད་ནང་རླུང་འཚུབ་ཚ་བོའི་གྲོས་ཚོགས་ཆགས་སོང་ཟེར་བ་ཞིག་ཡོད་པའི་གནས་སྟངས་བྱུང་བ་རེད། དེ་རིང་ལས་རིམ་མཐའ་མ་རེད། ལས་རིམ་ལྷག་བསྡད་ཡོད་པ་ཚང་མ་རང་བཞིན་གྱིས་ལྷག་འགྲོ་ཡི་རེད། གཞུང་འབྲེལ་གྲོས་ཆོད་དེ་ཚོ་ཚོགས་དུས་རྗེས་མའི་ཐོག་འཁྱེར་དགོས་པ་རེད། སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་དེ་ཚོ་གྲོས་ཆོད་འདོན་མཁན་དང། རྒྱབ་སྐྱོར་གནང་མཁན་གྱིས་མ་འོངས་པའི་གྲོས་ཚོགས་ནང་ཡང་བསྐྱར་འདོན་དགོས་ཞེས་མ་བརྗོད་ན་ཡིན་གཅིག་མིན་གཉིས་འདོན་དགོས་པ་ཡོད་པ་མ་རེད་ཅེས་གསུངས་སོང༌༎