ཁོར་ཡུག་སྐོར་གྱི་ཚོགས་འདུ་ལེགས་གྲུབ་བྱུང་བ།
གོ་རྟོགས་སྤེལ་རེས་སོགས་ཀྱི་སྦྱོང་བརྡར་བྱས་ནས་མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ལའང་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་རེད།
མཇུག་བསྡོམས་མཛད་སྒོའི་ཐོག་༸རྒྱལ་བ་ཀརྨ་པས་གསུང་དོན། ཁོར་ཡུག་གི་གནད་དོན་དེ་ངའི་ངོ་སྲུང་བའམ། དགོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དགོས་བསམ་པ། དཔེར་ན། ཁ་ཕོར་རུ་དང་མགོ་ཨམ་ཅོག་ཙམ་མ་ཡིན་པར། དངོས་གནས་ཁོར་ཡུག་ལ་སྤྱི་ཕན་གྱི་བསམ་བློ་དང། འགྲོ་བ་སེམས་ཅན་ཐམས་ཅད་ལ་གང་ཕན་གྱི་བསམ་བློ། ལྷག་བསམ་རྣམ་པར་དག་པ་གངས་ལྟར་དཀར་བ་ཞིག་གིས་ཀུན་ནས་བསླངས་ཏེ་ད་ལྟ་བར་དུ་ཟླ་ལྔ་དྲུག་གི་རིང་ལ་ལས་ཀ་ཡག་པོ་བྱས་འདུག དེའི་ལེགས་བྱས་ཀྱི་མཐུས་ཐིག་པ་བསགས་པའི་རྒྱ་མཚོ་ཟེར་བ་བཞིན། འཛམ་གླིང་གི་གོ་ལ་ཧྲིལ་པོ་དང། དེའི་ནང་ལ་ཡོད་པའི་སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས་པ་ལ། བརྒྱུད་ནས་ཕན་བདེའི་གཏེར་ཆེན་པོ་ལ་འགྱུར་ཐུབ་པའི་ཡིད་ཆེས་བྱེད་ཆོག་པ་ཞིག་ཆགས་བསྡད་ཡོད་རེད་ཅེས་དང་།
ལག་ལེན་གྱི་སྐོར་གསུང་་དོན། ལག་ལེན་དེ་གཙོ་བོ་རེད། ཐོས་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ། ལྟ་སྒོམ་དཔྱོད་གསུམ་སོགས་སྡེ་ཚན་མང་པོ་ཞིག་ཡོད་རེད་དེ། འགག་ཐུག་ས་དེ་སྤྱོད་པ་ལ་ཐུག་བསྡད་འདུག རང་སོ་སོའི་ལྟ་བ་སེན་མོ་ཙམ་ཞིག་བསྒྲུབ་པའི་ཆེད་དུ་གཞན་གྱི་གྲུབ་མཐའ་རི་རབ་ཙམ་བཀག་ནས་དེ་ལ་ཆོས་སྤོང་གི་ལས་ཆེན་པོ་གསོག་གི་ཡོད་རེད། ལྟ་བ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མཐོ་སང་སང་རྐྱང་རྐྱང་བཤད། དགོན་པ་དེའང་མུན་མཚམས་བསྡད་ན་ཨེ་དྲག ལོ་གསུམ་ཕྱོགས་གསུམ་བསྡད་ན་ཨེ་དྲག ཡིན་ནའང་སྤྱོད་པ་སྲང་ལ་གཞལ་ཡོང་དུས་དེ་ནས་ཧ་གོ་ཡི་འདུག སྔར་གྲྭ་ས་ལ་ཡིན་ན་ཐོས་བསམ་ཡག་པོ་ཡོད། ཉམས་ལེན་ཡག་པོ་ཡོད་ལབ་པ་གཅིག་པུས་ཕན་གྱི་ཡོད་མ་རེད། བསྟན་པ་དང་སེམས་ཅན་གྱི་དོན་དངོས་སུ་བྱས་ན། གཞན་ཕན་གྱི་སྙིང་རྗེ་ཆེ་བ། བཟོད་པ་དང་དཀའ་སྡུག་ཆེ་བ་དེ་འདྲ་ཞིག་འདུག་ན་སྔར་ཡོད་ཟེར་བ་དེ་ཚོ་ཡོད་རིན་ཆོག་པ་ཞིག་རེད། སྤྱོད་ཟེར་དུས་བེད་སྤྱོད་བྱེད་པའམ་ལག་ལེན་དུ་བསྟར་བ་ཞིག་ལ་གོ་ཡི་འདུག སེམས་ལ་སྙིང་རྗེའི་ཉམས་བཟང་པོ་ཞིག་ཡོད་ཀྱང་ཕན་གྱི་ཡོད་མ་རེད། ཉམས་ལེན་ཟེར་དུས་དོན་ལ་གནད་ཕིག་པ་ཞིག་དགོས་ཀྱི་ཡོད་རེད། ནམ་རྒྱུན་སོ་སོའི་མཆོད་ཁང་དང་མགོན་ཁང་ནང་དུ་སྙིང་རྗེའི་ཉམས་བཟང་པོ་ཡོད་ཀྱང་དངོས་སུ་བསྟན་འགྲོའི་དོན་བྱེད་པའི་ཚེ་ན། ཁོང་ཁྲོ་ཚ་བ། ང་རྒྱལ་ཆེ་བ། ཕྲག་དོག་ཆེ་བ། དེ་འདྲའི་ཉོན་མོངས་པའི་རྣམ་རྟོག་ཇེ་ཆེ་དང་ཇེ་མང་ཇེ་རགས་སུ་སོང་ནས། འཇིག་རྟེན་ཐ་མལ་བ་དེ་དག་ལས་ལོད་པའི་རྣམ་འགྱུར་དྲག་ལ་རྩུབ་པ་མང་པོ་བསྟན་ཡོང་དུས་མི་དེ་ལ་སྤྱོད་པ་ཟེར་བ་ཞིག་ཡོད་མ་རེད་ཅེས་དང།
ཁོར་ཡུག་སྐོར་གསུང་དོན། ང་ཚོ་འཚོ་སའི་འཛམ་གླིང་ཐོག་སྲོག་ཆགས་ཀྱི་རིགས་དང། རྩི་ཤིང་གི་རིགས་གྲངས་ལས་འདས་པ། མདོར་ན་ཕྱི་ནང་སྣོད་བཅུད་དང་བཅས་པའི་ནང་དུ་ང་ཚོ་འཚོ་བསྡད་ཡོད་རེད། དེ་དག་མེད་པ་ལ་ང་ཚོ་མི་གཅིག་པུ་འཚོ་ཐུབ་རྒྱུ་མེད་པ་རེད། རང་འཚོ་ཐུབ་པ་དང། འཚོ་བ་དེའང་བདེ་སྐྱིད་ལྡན་པ་ཞིག་དགོས་ན། རང་དང་ཉེ་བར་ལྟོས་པའམ་གང་ལ་རྟེན་པའི་གཞི་སྣོད་བཅུད་འདི་དག་ཐམས་ཅད་ལ་སེམས་ཁུར་མ་བྱས་རང་བྱས་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞན་གནོད་བཞི་སྤང་བ་སོགས་ཡང་ཡང་གསུངས་ཡོད་པ་རེད། ང་ཚོས་གཞན་ཕན་སྒྲུབ་དགོས་པའི་ལམ་ཁ་གསལ་པོ་ཡོད་པ་རེད། དེའི་སྒང་ལ་འགྲོ་དགོས་ཀྱི་རེད། གཞན་ལ་འཚེ་བ་སྤངས་ཟེར་ན་ག་འདྲ་ཞིག་རེད། མི་མ་བརྡུང་ཙམ་དང། སོ་མ་རྒྱབ་ཙམ་གྱིས་ཕན་གྱི་ཡོད་མ་རེད། དུས་རྒྱུན་ང་ཚོས་འདོད་ཡོན་གྱི་དངོས་རྫས་སྣ་ཚོགས་བེད་སྤྱོད་གཏོང་གི་ཡོད་རེད། དེང་སང་ད་དུང་ཁང་པའི་ནང་དུ་སྒྲིག་ཆས་འདྲ་མིན་དང། རྩེད་ཆས་འདྲ་མིན་མང་པོ་ཞིག་དགོས་ཀྱི་ཡོད་རེད། དེའི་ཤུགས་སུ་ཁོར་ཡུག་ལ་གནོད་སྐྱོན་འགྲོ་ཡི་ཡོད་རེད། འཛམ་གླིང་གི་ནུས་པའི་འབྱུང་ཁུངས་ཉུང་ནས་ཉུང་དུ་འགྲོ་ཡི་ཡོད་རེད། གཞན་ལ་འཚེ་བ་བྱས་མ་པ་ཙམ་གྱིས་འགྲིག་བསྡད་ཡོད་བསམ་ན་རྩ་བ་ནས་འགྲིག་གི་ཡོད་མ་རེད་ཅེས་དང།
མཇུག་ཏུ་ཐུགས་བསྐྱེད་སྨོན་ལམ་གྱི་སྐོར་གསུང་དོན། སྔོན་མ་ཝ་རཱ་ཎ་སི་རུ་ཐེངས་གཅིག་ཞུས་པ་ཡིན། རང་ཉིད་ལ་མངོན་ཤེས་དང་རྫུ་འཕྲུལ་ཞིག་ཡོད་པ་ཡིན་ན། རང་གི་གཟུགས་ཕུང་རྣམ་ཤེས་དང་བཅས་པ་འདི་འཛམ་བུ་གླིང་སའི་གོ་ལ་འདི་ཉིད་སྲུང་བར་བྱེད་པའི་བླ་བྲེ་དང། གུར་ལྟ་བུ་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ་པའི་ཚོར་བ་དེ་འདྲ་ཞིག་དུས་རྒྱུན་ཡོང་གི་འདུག ང་རང་ལྟ་བུ་ཡིན་ན་ལོ་ཆུང་ཆུང་རེད། ངས་བསམ་བློ་འདྲ་མིན་བཏང་ནས་འཆར་གཞི་དང་ལས་འགུལ་སྤེལ་བ་དེ་ཕྱོགས་གཅིག་ནས་ཁྱད་མཚར་ཞིག་འདུག ཕྲུ་གུ་གཅིག་གིས་གཉིད་མ་ཁུག་པའི་ལས་ཀ་བྱེད་བསྡད་མཁན་བཟོ་འདྲ་པོ་ཞིག་ཡོད་རེད། ང་ལྟ་བུའི་ན་གཞོན་ཞིག་ཡིན་ནའང་དེས་འཛམ་གླིང་ལ་བརྩེ་དུང་དང། ཤ་ཚ་བཅངས་ནས་མ་འོངས་པའི་ཕ་ཚ་བུ་རྒྱུད་ཀྱི་ཆེད་དུ་ལེགས་སྐྱེས་བཟང་པོ་ཞིག་འབུལ་ཐུབ་ན་ཅི་མ་རུང་དྲན་གྱི་ཡོད། ང་ཚོ་འཇིག་རྟེན་འདི་ལ་སྐྱེས་ནས་དོན་ཞིག་བྱེད་ཐུབ་པ་ཡིན་ན། གཞི་ནས་མི་ལུས་རིན་པོ་ཆེ་དང་མི་ཚེ་དོན་ལྡན་ཞེས་པ་ཡོང་གི་རེད་བསམ་གྱི་འདུག གཞན་མ་གཏོགས་ང་ཚོས་ནམ་རྒྱུན་སྟག་དེ་སྡུག་རྩུབ་ཅན་རེད་དྲན་གྱི་ཡོད་རེད། བསམ་བློ་བཏང་དུས་སྟག་ལས་མི་སྡུག་རྩུབ་བརྒྱ་འགྱུར་གྱིས་ཆེ་བ་རེད་ལབ་ན་ཧམ་པ་ཚ་དྲགས་ཀྱི་མི་འདུག ང་ཚོས་བསམ་བློ་ཡག་པོ་བཏང་ན་མ་གཏོགས་ཡག་པོ་མི་འདུག གཙོ་ཆེ་བ་ང་ཚོའི་ཀུན་སློང་གལ་ཆེན་པོ་རེད། མིང་འདྲ་མི་འདྲ་མང་པོ་བཏགས་ཀྱི་ཡོད་རེད་དེ་གཙོ་བོ་ཀུན་སློང་ཡག་པོ་དགོས་ཀྱི་ཡོད་རེད། ཁོར་ཡུག་གི་གནད་དོན་འདི་ཆབ་སྲིད་དང་ཆོས་ལུགས་སོགས་ལས་བརྒལ་བ་ཞིག་རེད། མི་གསོན་པོ་མ་བསྡད་ན་ཆབ་སྲིད་དང་ཆོས་ལུགས་བཤད་ཡོང་རྒྱུ་ཞིག་ཡོད་མ་རེད། ལས་དོན་འདི་སྒྲུབ་པའི་སྐབས་མི་དགོས་པའི་ཕྱོགས་ཞེན་དང། སྒེར་གྱི་ཁེ་ཕན་ལ་སོགས་པ་མི་གཙང་བ་དྲི་མ་ཅན་གྱི་བསམ་བློ་དེ་འདྲ་འདྲེས་ཡོང་བ་ཡིན་ན་ཡག་པོ་ཡོད་མ་རེད་བསམ་གྱི་འདུག ང་ཚོའི་མི་ཚེའི་རིང་ལ་ལས་ཀ་བཙོག་པ་རྐྱང་རྐྱང་བྱས་ནས་ཤི་འགྲོ་བའི་སྐབས་སུ་གཙང་མ་གཅིག་ཀྱང་བསྟན་རྒྱུ་མེད་སོང་ན་དབུགས་འགྲོ་བར་དཀའ་ལས་ཁག་པོ་རེད་ཅེས་བཀའ་སློབ་ཟབ་མོ་གནང་སོང།
གཞན་ཡང་ཁོར་ཡུག་གི་ལས་དོན་ལ་དམིགས་ནས་ཁོར་ཡུག་སྐོར་གྱི་དྲ་རྒྱ་གསར་པ་ཞིག་ཀྱང་གསར་བཟོ་གནང་རྒྱུའི་ཐུགས་གཏན་ཁེལ་ནས། ལས་རྟགས་དང་དྲ་རྒྱའི་མིང་བྱང་སོགས་ཀྱང་གཏན་འབེབས་གནང་ནས་ཚོགས་འདུ་ལེགས་གྲུབ་བྱུང་སོང།།