སེམས་ཀྱི་སྐྱོ་གླུ
གངས་རི་དཀར་པོར་ཉི་འོད་དམར་པོ་མ་ཕོག་སྔ་ཞོགས་ན།།
སྤྲེ་འུ་རིགས་རྣམས་བྲག་ངོས་གཟར་བོར་ཅི་དགའ་དཔལ་ལ་རོལ།།
ཟླ་འོད་བསིལ་པོར་མཁའ་མཐར་བཞུད་བའི་གནམ་ཟླ་རིང་པོ་དེར།།
སྨག་རུམ་ཁྲོད་ན་སྲིན་བྱ་རྒྱུ་བའི་ཐན་ལྟའི་གཏམ་རྒྱུད་མཆེད།།
ཧི་མ་ལ་ཡི་རྒྱབ་མདུན་གཉིས་སུ་གཞིས་བྱེས་གནས་བཅས་དུས།།
ཕར་ཚུར་འགྲིམས་པའི་རྐང་རྗེ་དམར་པོའི་རི་མོ་གྲངས་མེད་རྐོས།།
ལྷོ་ཡི་རྒྱ་མཚོ་རྦ་རླབས་གཡོ་ལ་སྐད་ཅིག་ཆད་མེད་ངོགས།།
ས་མཐའི་བུ་ཡི་སེམས་ཀྱི་ངལ་དུབ་ཉིན་མཚན་ཀུན་ཏུ་གཡོ།།
ཕྱོགས་མཐར་འགྲིམས་བཞིན་ཡུལ་ཁམས་ཀུན་ལ་མིག་གིས་ལོངས་སྤྱོད་སྐབས།།
ཁ་བ་མེད་པའི་རྒྱལ་ཁམས་གང་ལའང་སེམས་ཀྱི་ཞེན་ཆགས་བྲལ།།
སྣ་ཚོགས་གྲོགས་དག་ཡུན་རིང་འགྲོགས་ནས་གཏམ་གྱི་ཚོགས་གླེང་ཚེ།།
ཕ་མ་བྲལ་བའི་ཐང་དཀྱིལ་བྱིའུ་འདྲ་སྐྱོ་གདུང་མགྲིན་ན་འགག།