གྷན་དྷིའི་རྣམ་ཐར་ངོ་སྤྲོད་ཚོགས་འདུ།

ཉིན་དང་པོར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ་གསུང་བཤད་གནང་དོན། མཛད་རྣམ་འདི་ལོ་གཉིས་སྔོན་ནས་གྲ་སྒྲིག་གནང་འཆར་ཡོད་ཅིང། ད་རེས་གཞི་ནས་གོ་སྒྲིག་ལེགས་གྲུབ་བྱུང་བ་རེད། ཅེས་དང་དེ་རིང་མཛད་སྒོ་འདིར་སེམས་པ་ཆེན་པོ་གྷན་དྷི་མཆོག་དང་ལྷན་དུ་ལོ་མང་གཤིབ་མྱོང་བའི་དམ་པ་གང་གི་སྐུ་སྒེར་དྲུང་ཆེའི་སྲས་ནཱ་ར་ཡན་དྷེ་སཱེ་མཆོག་དངོས་སུ་ཕེབས་ཡོད་ཀྱང་། མི་མང་པོ་དེ་ཙམ་སླེབས་མེད་པ་རེད། སྔོན་བདག་ཅག་སྟོན་པ་བཅོམ་ལྡན་འདས་ནས་ཆོས་ཀྱི་འཁོར་ལོ་ཐོག་མར་སྐོར་སྐབས་སྐུ་འཁོར་ལྔ་ལས་མེད་པ་རེད། དེ་རིང་མི་མང་ལྔ་ལས་མང་བ་སླེབས་འདུག་ཅེས་སོགས་གསུངས་ཡོད་པ་རེད། ཉིན་དང་པོར་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ཆུང་དུས་སློབ་སྦྱོང་གནང་སྟངས་སྐོར་དང་། ཁོང་གི་ཀུན་སྤྱོད་འཁྱེར་སོ། ཕྱིས་སུ་བསླབ་པ་མཐར་ཕྱིན་མཛད་ཕྱིར་དབྱིན་ཡུལ་དུ་ཕེབས་པའི་སྐོར་དང།
ཉིན་གཉིས་པར་གྷན་དྷི་མཆོག་ལྷོ་ཨ་ཧྥི་རི་ཁར་བཞུགས་སྐབས་འཚེ་བ་མེད་པའི་ཐབས་ལམ་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཐོག་མར་སྤེལ་ཕྱོགས་དང། ཉིན་གསུམ་པར་ཁོང་རྒྱ་གར་དུ་ཕྱིར་ཕེབས་ནས་རྒྱ་གར་ནང་རང་བཙན་གྱི་ལས་འགུལ་སྤེལ་བ། རིམ་པས་འཚེ་བ་མེད་པའི་ལྟ་བས་དབྱིན་ཇི་ལ་ཇི་ལྟར་ཁ་གཏད་བཅག་པའི་སྐོར། ཉིན་བཞི་པར་རྒྱ་གར་རང་བཙན་ཐོབ་ནས་རྒྱལ་ཁབ་གཉིས་སུ་ཁ་བྲལ་དུ་གྱུར་པ་དང་། དམ་པ་གང་ཉིད་སྐུ་བཀྲོངས་པའི་སྐོར་སོགས་མཛད་རྣམ་རྒྱས་བསྡུས་འཚམས་པ་ངོ་སྤྲོད་གནང་བ་དང། མཛད་རྣམ་དང་འབྲེལ་བའི་གཏམ་རྒྱུད་རེ་བཤད་ཟིན་རྗེས་བོད་གཞུང་ཟློས་གར་དང་རྒྱ་གར་བའི་རོལ་དབྱངས་ཚོགས་ཆུང་གཉིས་ཀྱི་མཉམ་འབྲེལ་གྱིས་གྷན་དྷིའི་རྣམ་ཐར་ལ་བསྟོད་པའི་གླུ་གཞས་ཁག་ཅིག་ཀྱང་གཏོང་ལེན་བྱས་ཡོད་པ་རེད།
ཉིན་བཞི་པོ་དེའི་རིང་བཀའ་ཁྲི་མཆོག་ཆད་མེད་ཕེབས་ཤིང་། གཞན་ཡང་བོད་གཞུང་གི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་བྱེད་རྣམ་པ་དང། དྷ་སྟེང་དང་དྷ་ཤོད་བོད་ཁྱིམ་གྱི་དགེ་ལས་སོགས་ས་གནས་བོད་མི། རྒྱ་གར་བ་ཁག་ཅིག་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།