སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གསུམ།

ང་རང་དེ་རིང་འཛིན་གྲྭ་ལ་གསར་དུ་ཡོང་བ་ཡིན་ན། གང་དུ་འགྲོ་དགོས་མིན་ཀྱང་མི་ཤེས་དུས། ང་རང་གང་དུ་སོང་བ་ཡིན་ན་འཚམ་པོ་ཡོད་པ་རེད་ཅེས་དྲིས་དུས། ཕོ་གསར་དེས་ཁྱེད་རང་གིས་ཨེ་སྤེས་སེ་སྒྲས་ཨེ་ཤེས་ཟེར་ནས་ཕྱིར་བློ་བཟང་ལ་དྲིས། བློ་བཟང་གིས་མགོ་འཕུར་ཞོར་དུ། དེ་ཚོ་ཤེས་ཀྱི་ཡོད། དེ་ན་ཤོད་མའི་ཁང་བ་ནང་དུ་འགྲོ་དགོས་ཟེར་ནས་འཛུབ་སྟོན་བྱས་ས་དེར་ཕྱིན།

འཛིན་གྲྭའི་ནང་དུ་ཕྱི་རྒྱལ་བ་ཕོ་མོ་གཉིས་ཀ་སྡོམ་པའི་དྲུག་བདུན་ཞིག་ཡོད་པ་དང་། སློབ་མ་བཅོ་ལྔ་ཉི་ཤུ་ཡོད་པ་རེད། བློ་བཟང་གིས་རང་གི་འབྲི་དེབ་བཟུང་དེ་ནག་པང་སྟེང་གི་ཡི་གེ་དེ་དག་ལ་བལྟས་དེ་བསྡད་ཡོད་པའི་སྐབས་དེར། ཕྱི་རྒྱལ་བ་ཕོ་གསར་ཞིག་ཁོ་རང་གིས་འཁྲིས་སུ་སླེབས་ནས། ཧ་ལོ། ངའི་མིང་ལ་མར་ཁུ་ཟེར། ཁྱེད་རང་གི་མིང་ལ་ག་རེ་ཡིན་ཟེར་ནས་དྲིས་དུས། ཁོ་རང་གིས་རང་གི་མིང་ཙམ་ཞིག་ཕྱིར་ངོ་སྤྲོད་ཅིག་བྱེད་ཐུབ་ཀྱི་ཡོད་པ་ཡིན་དུས། ངའི་མིང་ལ་བློ་བཟང་ཟེར་བ་ཡིན། ང་དེ་རིང་འདིར་གསར་དུ་ཡོང་བ་ཡིན་ཞེས་ལན་བཏབ་དུས། ཕོ་གསར་དེས་ཀྱང་ང་རང་ཡང་དེ་རིང་འདིར་གསར་དུ་དང་བླང་སློབ་ཁྲིད་བྱེད་དུ་ཡོང་བ་ཡིན།  ངས་ཁྱེད་རང་ལ་རོགས་པ་འདྲ་བྱེད་དགོས་ས་འདུག་གམ་ཟེར་ཞོར་དུ་བློ་བཟང་གིས་འཁྲིས་སུ་རྐུབ་ས་ལ་བཞག

སྐབས་དེར་བློ་བཟང་གི་ངོ་གདོང་དུ་རྔུལ་ཆུ་བཞུར་བ་ལྟ་བའི་ཚོར་སྣང་དང་བཅས་དེ། ལགས་སོ་ཐུགས་རྗེ་ཆེ། མིང་ཚིག་འདི་ལ་གང་ཟེར་བཞིན་ཡོད་པ་རེད། འདི་གང་རེད་སོགས་དྲིས་དེ་སྐད་ཆ་ཁ་ཤས་ཤིག་ཤེས་མིན་ལ་མ་བལྟས་པར་ངོ་ཚ་ཞོར་དུ་བོད་དབྱིན་བསྲེས་མ་དག་བཤད་དུས། ཁོ་རང་གི་འཁྲིས་ཀྱི་ཕོ་གསར་ཞིག་གིས་ཁོ་རང་ལ་རོགས་རམ་བྱེད་ཞོར་དུ་གོ་བརྡ་འཕྲོད་ཐབས་ཙམ་བྱུང་བ་རེད།

འཛིན་གྲྭའི་ནང་དུ་སློབ་མ་ཚོ་ནི་ཕྱོགས་བཞི་གང་ས་ནས་ཕེབས་པ་ཤ་སྟག་ཡིན་པ། བལྟས་ཚོད་ཀྱིས་གསལ་བོ་ཞིག་ཤེས་ཐུབ་ཀྱང་། ལོ་ན་ཡང་ཆུང་ཆུང་ཏག་ཏག་མ་ཡིན་པར་ཉི་ཤུ་ལས་བརྒལ་བ་རྐྱང་རྐྱང་ཡིན་པ་དང་། གྲྭ་བ་ཁ་ཤས་ཤིག་དང་བཙུན་མ་ཡང་གཅིག་གཉིས་ཤིག  དེ་མིན་ཚང་མ་ཕོ་གསར་མོ་གསར་རྐྱང་རྐྱང་ཡིན་པ་རེད། ཡིན་ཡང་། བློ་བཟང་གིས་དེ་དག་གི་ཁྲོད་ནས་མི་གཅིག་ཀྱང་སྔོན་ཆད་རིག་མྱོང་མེད་པ་ཡིན་དུས། དངོས་ནས་ཁོ་རང་གི་ཚོར་སྣང་ཞིག་ལ་ཁོ་རང་དངོས་ནས་སློབ་གྲྭ་ཞིག་གི་སློབ་མར་གྱུར་བ་ལྟ་བུ་ཞིག་བྱུང་བ་རེད།

འཛིན་གྲྭ་གྲོལ་རྗེས་ཐག་མི་རིང་བའི་སྐབས་དེ་འདྲ་ཞིག་ལ། བློ་བཟང་གི་འཁྲིས་ཀྱི་ཕོ་གསར་དེ་བརྒྱུད་དེ་སྐུ་ཞབས་མར་ཁུ་ལགས་ཀྱིས་ཁོ་རང་ལ་གསུངས་དོན་ནི། ཁྱེད་རང་ལ་དབྱིན་ཡིག་དགེ་རྒན་ཞིག་དགོས་པ་ཡིན་ན། ངས་ཁྱེད་རང་ལ་དང་བླང་དགོས་ཁྱེད་རང་བསྡོད་སར་ཡོང་ནས་བདུན་ཕྲག་གསུམ་རིང་དུ་ཁྲིད་ཆོག་ཟེར་གྱི་འདུག་ཟེར་བ་གོ་དུས། བློ་བཟང་གིས་སྐུ་ཞབས་མར་ཁུ་ལགས་ལ། ཐུགས་རྗེ་ཆེ་ལགས། ང་རང་བསྡོད་ས་གྲོགས་པོ་ཞིག་གི་ནང་དུ་ཡིན་དུས། སང་ཉིན་ངའི་གྲོགས་པོ་དེར་སྐད་ཆ་དྲིས་དུས་ཁོ་རང་གི་ནང་དུ་ཡོང་ན་འགྲིག་གི་ཡོད་ན། ང་རང་ལ་དགེ་རྒན་དགོས་ཀྱི་ཡོད་ལགས། སང་ཉིན་ཕྱི་དྲོ་འཛིན་གྲྭ་ནས་ཐུག་ཆོག་པ་བྱོས་ཟེར་ནས་ལན་སྤྲད།

བློ་བཟང་འཛིན་གྲྭ་གྲོལ་ནས་ནང་དུ་འགྲོ་བའི་ལམ་བར་དུ་གསར་དུ་བསླབས་པའི་མིང་ཚིག་ཁ་ཤས་ཤིག་མ་ཎི་འདོན་འདོན་བྱེད་ཞོར་དུ་སྟོད་པ་གྲོང་གསེབ་ཀྱི་གྲྭ་བ་དེའི་གཟིམ་ཤག་གི་སྒོ་དྲུང་བར་དུ་བློ་འཛིན་བྱས། མི་འདིས་ཨག་གསར་མིན་ན་ཡག་པོ་རེད་སྙམ་ཞོར། རང་གིས་རང་ལ་ཁོག་དགོད་ཞིག་ཤོར་ཞོར་དུ་སྒོ་ཕྱེ་ནས་ནང་དུ་འཛུལ་ཞོར་རང་གི་མ་འོངས་པ་བསམ་བཞིན་དབུགས་རིང་ཞིག་ཀྱང་ཤོར།