དབྱིན་ཡིག་གསར་ཤོག་ཧིན་དྷུ་ཞེས་པར་ངོ་རྒོལ།

ལས་འགུལ་གོ་སྒྲིག་བྱེད་མཁན་གཙོ་བོ་ནི་ཤྲི་ལངྒྷ་ནས་ཏ་མལ་གྱི་མི་མང་པོ་ཞིག་ཕྱིར་ཕུད་བཏང་བའི་ཉིན་མོའི་དུས་དྲན་ལས་འགུལ་སྟེ། ལྔ་པའི་བཅུ་བདུན་གྱི་ལས་འགུལ་ཞེས་པ་གོ་སྒྲིག་བྱེད་མཁན་ཚོ་ཡིན་པ་དང། ལས་འགུལ་ནང་ཏ་མལ་མི་མང་ཉིས་བརྒྱ་ལྷག་དང་བོད་པའི་སློབ་མ་༣༠ ཙམ་མཉམ་ཞུགས་བྱས་ཡོད་པའི་ནང་གསར་འགོད་པ་དང། རྩོམ་པ་པོ། རང་དབང་འཐབ་རྩོད་པ། སློབ་མ་སོགས་ཡོད་པ་རེད། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་“ཨེན་རམ་གྱིས་༢༠༠༠ ལོར་ཉིན་ལྔའི་རིང་བོད་དབུས་གཙང་ཁུལ་དུ་ཕྱིན་ནས་བྲིས་པར་བཤད་པའི་ཤོག་ངོས་༢༤ ཅན་དང། དེ་བཞིན་༢༠༠༦ ལོའི་བོད་ཀྱི་དངོས་ཡོད་གནས་ཚུལ་ཞེས་པའི་རྩོམ་ཡིག་རྣམས་ནི་རྒྱ་ནག་གི་ནམ་རྒྱུན་གྱི་དྲིལ་བསྒྲགས་དང། དེ་བཞིན་ལྡི་ལི་དང་མོམ་བྷེའི་རྒྱ་ནག་གཞུང་ཚབ་ཁང་སོགས་ནས་རིན་མེད་དུ་བཀྲམ་པའི་ཡིག་ཆ་རྣམས་ལ་དཔེ་བཤུ་བྱས་པ་ལྟར་བཀོད་ཡོད་པར་བརྟེན། གསར་འགྱུར་བརྒྱུད་ལམ་ནས་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་བྱས་པ་རེད་མི་འདུག ཁོས་བཀོད་པའི་བོད་དོན་གསར་འགྱུར་དེ་ཚོ་འཁྱོག་བཤད་ཡིན་པས་དྲང་པོ་མ་རེད། ཁོང་ལ་གསར་འགོད་པའི་ཆ་རྐྱེན་ཚང་མི་འདུག་ལ་གསར་འགོད་པའི་འགན་ཡང་ཁུར་གྱི་མི་འདུག་”ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་བཞིན་ཚོགས་འདུ་གོ་སྒྲིག་པ་སྐུ་ཞབས་ཅེ་རུ་མུ་རུ་གྷན་གྱིས་ཁྱབ་བསྒྲགས་བྱས་པའི་ཡིག་ཆའི་ནང་འཁོད་དོན། “ཧིན་དྷུ་ཞེས་པའི་ཚགས་པར་གྱིས་འཁྱོག་བཤད་ལ་བརྟེན་ནས་མི་མང་གི་བསམ་བློ་དང། གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་ཐབས་བྱས་པས་མི་དཀྱུས་མ་མང་པོའི་སྲོག་ལ་གྱོང་གུད་ཕོག་གི་འདུག ཨེན་རམ་གྱིས་དྲང་བདེན་མིན་པའི་གནས་ཚུལ་བཀོད་པས་ཤྲེལངྒྷ་གཞུང་གིས་ཏ་མལ་མང་པོ་བསད་པ་དང་ཕྱིར་ཕུད་བྱས་པ། གར་སོང་ཆ་མེད་དུ་གྱུར་པ་སོགས་ཀྱི་གནས་ཚུལ་བྱུང་བ་རེད། དེ་ཚོ་ཧིན་དྷུ་ཚགས་པར་དེས་འགན་ཁུར་བྱེད་དགོས་ཐུག་གི་རེད་”ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། ད་དུང་ཚོགས་ཐོག་ནས་རྒྱ་གར་གྱི་ཧིན་དྷི་ཞེས་པའི་ཚགས་པར་ནི་མི་མང་ལ་གྱོང་གུད་དང་མི་མང་ལ་འགལ་བ་བྱེད་པ་དང༌། ཏ་མལ་མི་མང་ལ་གྱེན་ལོག་དང། བོད་དང་ཏ་མལ་གྱི་འཐབ་རྩོད་པར་ཁ་གཏད་བྱེད་མཁན། རང་དབང་ལ་ངོ་རྒོལ་བྱེད་མཁན་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་འདུག། ཧིན་དྷུ་ཞེས་པའི་གསར་ཁང་གི་མཐའ་སྐོར་ཚང་མ་རྒྱ་གར་ཉེན་རྟོག་པས་བསྐོར་ནས་སྲུང་སྐྱོབ་བྱས་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། ཧིན་དྷུ་ཞེས་པའི་ཚགས་པར་ནི་༡༨༧༨ ལོར་སྤེལ་འགོ་ཚུགས་ཡོད་པ་དང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཁྱབ་རྒྱ་ཧ་ཅང་ཆེ་བའི་གསར་ཤོག་ཅིག་ཡིན་པ་རེད། མེ་སོར་གསར་འགོད་པས།