བྲན་གཤིས་ཀྱི་བསམ་བློ།
སྤྱིར་ན་བྲན་གཤིས་བསམ་བློའི་ཕུག་ན་འདྲ་མཉམ་གྱི་གོ་རྟོགས་ནི་སྟོང་ཆ་ལྟར་ཡིན། ཁོ་ཚོར་ཕ་རོལ་པོའི་བྲན་དུ་འཚོ་འདོད་པ་དང་འཚོ་ཕོད་པའི་ཁེངས་དྲེགས་ཀྱི་སེམས་ཁམས་ཀྱང་ལྡན་མོད་ལ། རྟག་ཏུ་མིའི་རིན་ཐང་དང་དོན་སྙིང་ཡོངས་རྫོགས་བེད་མེད་དུ་ངོས་འཛིན་ཞིང༌། འགྲོ་བ་མིའི་རིགས་ལ་གཅིག་མཚུངས་ཀྱི་བློ་གྲོས་ཀྱི་ས་བོན་ལྡན་ཡོད་པའི་དངོས་བདེན་གྱི་ལོ་རྒྱུས་ལ་རྟག་དཔྱད་དང་ཞིབ་འཇུག་བྱ་བསམ་པའི་བློ་བསྐྱེད་ཙམ་ཡང་སྐྱེ་མྱོང་མེད། བྲན་གཤིས་རིང་ལུགས་པར་རང་གཞན་གཉིས་ཕུངས་སམ་ཡོངས་རྫོགས་དོར་ཕོད་པའི་མཆོད་སེམས་ངར་མོ་ཞིག་གསོ་སྐྱོང་བྱས་ཡོད་སྐད། དེ་མིན་དྲང་ཚུགས་ཀྱི་ཀུན་སྤྱོད་དང་མི་ཡོངས་རྫོགས་ལ་གཅིག་མཚུངས་ཀྱི་རིན་ཐང་མཐོང་ཐུབ་མཁན་དེ་ཚོ་བྲན་གཤིས་ཅན་དུ་འགྱུར་མི་སྲིད་ལ་། གཟུར་གནས་ཀྱི་ཤེས་ལྡན་ཚོས་ཐོག་མཐའ་བར་གསུམ་དུ་གནས་དོན་དངོས་ལ་དཔྱད་ཞིབ་གཏིང་ཟབ་གཏོང་བ་ནི་ཁོ་ཚོ་དྲང་བདེན་ལ་ཡིད་ཆེས་སྲ་བརྟེན་ཡོད་པའི་རྟགས་མཚན་རེད། ཁོ་ཚོས་བསམ་བློའི་ཟབ་ཚད་དང་རྒྱ་ཁྱོན་ཇེ་བཟང་ལ་གཏོང་གང་ཐུབ་བྱེད་པ་དུས་མཚུངས། བྲན་གཤིས་ཅན་གྱི་ཁ་གཏད་དུ་དྲང་ཚུགས་དང་སྟོབས་ལྡན་གྱི་ནུས་ཤུགས་ངོམས་བཞིན་པ་ཡིན།
བྲན་གཤིས་ལྡན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་མི་མང་གི་བསམ་བློའི་གོ་རྟོགས་ཡིད་སྐྱོ་ཞིང་ངུ་བྲོ་བའི་ཚད་ལས་མེད་རུང༌། ཁོ་ཚོས་བྲན་བདག་གི་གཡོ་འཕྲུལ་གྱི་གནམ་འོག་ཏུ་ལྷིང་འཇགས་སེར་མི་ཚེ་ཕུད་འདེད་གཏོང་བ་དང༌། ད་དུང་དེ་ནི་བདེ་སྐྱིད་ཀྱི་འཚོ་བ་ཡིན་ཨང་བསམ་པའི་རྨོངས་རྒན་ཕག་པ་ལྟར་འཚོ་བཞིན་ཡོད། དེའང་ངོ་བོ་འགྱུར་ཚར་བའི་བྲན་གཡོག་དངོས་ཀྱི་གཟུགས་བརྙེན་གསོན་པོ་རེད། བྲན་གཤིས་ཅན་གྱི་བསམ་བློ་བ་དེ་དག་གིས་མ་འོངས་པར་སོ་སོ་བྲན་བདག་ཚོའི་མདུན་ཅོག་སྒང་གི་ལྟོ་ཟས་ཐེངས་ཤིག་བསྒྱུར་འགྲོ་བའི་དོན་དངོས་ལ་སྐྱོ་ཤེས་སྤུ་ཙམ་བྱ་བརྩིས་མེད། དེ་ལྟར་དོན་དངོས་ལ་ལྟ་ཞིབ་མེད་ལ་དྲང་བདེན་དུང་དཀར་གྱི་ངོ་བོ་སེར་པོ་མཐོང་བའི་སྣང་ཚུལ་དེ་མཁྲིས་ནད་ཅན་གྱི་མིག་ཤེས་ལ་ཡིད་ཆེས་སྲ་བརྟེན་ཡོད་པ་དང་ཅིས་མི་མཚུངས། མདོར་ན་དྲང་བདེན་གྱི་དོན་སྙིང་གཡོ་འཕྲུལ་གྱི་འདམ་བཙོག་ཏུ་གཡུག་མཁན་དེ་དག་བྲན་གཤིས་ཅན་གྱི་རིགས་རུས་ཏེ། བསམ་བློའི་སྐྱོན་ཅན་པ་ཤ་སྟག་ལ་བལྟ་དགོས་པ་རེད།
འཇིག་རྟེན་མིའི་ཁོར་ཡུག་ཁྲོད་དུ་བྲན་གཤིས་པས་རྨོངས་འཕྲུལ་གྱི་འཛུམ་མདངས་མངོན་བཞིན་སྤྱི་ཚོགས་སུ་དུ་ངན་ལྟར་འགོས་ནད་ཁྱབ་བརྡར་བཏང་བའི་ཉེན་ཁ་ལ་འཛེམས་ཟོན་དང༌། བྲན་གཤིས་ཅན་གྱི་བསམ་བློའི་ཟུར་ཙམ་རྟོག་ཐུབ་པའི་རེ་བ་འཆང་གིན་སྤྱི་ཚོགས་སུ་མངོན་མཚན་ཅན་གྱི་བྲན་གཤིས་ཅན་རེ་འགའི་སྤྱོད་པ་སྒྲུང་ཐུང་ཚུལ་གྱིས་འདིར་འགོད་ན་སྙམ།
འབྱོར་ལྡན་ཕྱི་གླིང་རྒྱལ་ཁབ་ནས་མི་ཚང་མས་ཤེན་དཔོན་ཞེས་འབོད་པའི་ལྷུན་གྲུབ་ནོར་བུ་གནམ་ཐང་ནས་བསུ་མཁན་ལ་ཡོང་བའི་རླངས་འཁོར་ཞིག་ནས་ཕྱིར་དོན་མ་ཐག་ཚོགས་པའི་སྤྱི་ལས་ཐག་ཆུང་ལམ་སང་འཛུམ་དང་བཅས་ཡིན་མདོག་གི་རྒས་གཉེར་ངོ་བོར་ཁེངས་ཤིང༌།ཨོ་ཙིས།དཔོན་ཆེན་ནོར་བུ་ལགས༌།ཁྱེད་རང་གཞི་ནས་ཕེབས་བྱུང།ང་ནི་ཁྱེད་དྲན་ནས་འཚོ་བ་མ་ཆོད་པར་ད་གང་འདྲ་བྱེད་དགོས་ན་བསམ་ནས་བསྡད་ཡོད།ད་ཡིན་ན་དངོས་འབྲེལ་བློ་བདེ་སོང༌།བློ་བདེ་སོང༌༌༌༌༌༌ཟེར་ཞོར་མིག་གཉིས་ནས་བཙན་གྱི་བཙིར་ཡང་འབྲུ་ལྡོག་གཅིག་དོན་པའི་མིག་ཆུ་དེ་ལག་པས་ཕྱི་ཁུལ་བྱེད་ཞོར།ཟུར་གསུམ་གྱི་མིག་གཉིས་ལག་པའི་འོག་ནས་དཔོན་ནོར་བུར་ལྟ་ཙམ་བྱས།
དཔོན་ནོར་བུས༌།ཐག་ཆུང༌།ད་དེ་འདྲ་བྱེད་ནས་གང་ཡོང༌།མིའི་མཐོང་ན་ཡག་པོ་ཡོད་མ་རེད།ཟེར་ཞིང་ཐག་ཆུང་གི་ཕྲག་པར་རེག་ཙམ་རེག་ཙམ་བྱས།ཐག་ཆུང་གིས་མགོ་བོ་སྤུས་མོར་མ་ཐུག་ཙམ་གྱིས་སྒུར་ནས༌།དཔོན་ཆེན་ལགས།ཁྱེད་རང་དྲན་ནས་༌༌༌༌༌༌༌༌ཟེར།སླར་ལག་པས་མིག་རྐམ་པོ་གཉིས་ལ་འཆང་ཙམ་བྱས་རྗེས་དཔོན་ནོར་བུའི་ལྕ་ལག་དོ་ཕོ་ལྗིད་ཐག་ཆོད་ཅིག་ཁོའི་ཕྲག་པར་འཁྱེར་ནས་ཕྱིར་ནང་གི་ལམ་བར་དུ་བགྲོད།གོམས་ཞག་འགར་སླེབས་རྗེས།ཐག་ཆུང་སླར་ཟུར་གསུམ་གྱི་མིག་གཉིས་ཧྲིག་ཙམ་འགའ་བྱེད་ཅིང༌།གཅིག་དྲན་སོང་མདོག་མདོག་གིས།༌༌༌༌༌༌༌དཔོན་ཆེན་ལགས།འདི་ནས་ཐད་ཀར་ཚོགས་པར་ཕྱིན་ན༌།ངས་རྡོག་དྲིལ་དེ་ནང་དུ་བསྐྱེལ་ཆོག་༌༌༌༌༌༌༌༌ཅེས་སྨྲས་པས།དཔོན་ནོར་བུ་སྐད་ཆེན་པོས་དགོས་སྒྲ་དང་སྦྲགས།ཐག་ཆུང༌།འཇིག་རྟེན་འདིའི་ཐོག་ད་རང་ལས་སྤྱང་དྲུང་ཆེ་བ་ཞིག་བཙལ་ཡང་རྙེད་རྒྱུ་དཀའ་ལས་ཁག་པོ་རེད།འོ་༌༌༌༌༌༌ ལྟོས་དང༌།གསུམ་མདོ་ལམ་ཁ་ཕར་ཕྱོགས་ནས་ང་གཉིས་ཕྱོགས་སུ་གཅིག་ཡོང་གི་འདུགདངུལ་གཉེར་དོན་ལྡན་མ་རེད་པས་ཟེར།
ཐག་ཆུང་གིས་དཔོན་ཆེན་ལགས༌།ཁྱེད་རང་མདུན་དུ་ཕེབས༌།ངས་རྡོག་འཕྲིས་དེ་ཁོས་མི་མཐོང་བ་བྱེད་ཆོག་ཅེས་ལན་སྤྲད་ཞོར་གཞུང་ལམ་གྱི་ཟུར་ནས་དཔོན་ནོར་བུའི་རྡོག་འཕྲིས་འཁྱེར་ནས་རླུང་འཚུབ་ཅིག་གིས་ཕྱོགས་གཞན་ཞིག་ཏུ་བྲོས།དེ་ནས་དཔོན་ནོར་བུ་ཚོགས་པའི་དངུལ་གཉེར་དོན་ལྡན་གྱིས་དགའ་བསུའི་འཚམས་འདྲི་དང་སྦྲགས་ནས་ཚོགས་པར་ཕྱིར་སླེབས།
༌༌༌༌༌༌༌༌༌༌ང་རང་ཕྱི་ཡུལ་དུ་དཀའ་ལས་བརྒྱབ་པ་གྲངས་ཀྱི་ག་ལ་ལངས།ཡིན་ཡང་ང་ཚོའི་ཚོགས་པའི་མི་རེ་རེའི་གནད་དོན་གྱི་ཆེད་དུ༌།ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་། ངས་དཀའ་ལས་ཏོག་ཙམ་བརྒྱབ་པ་དེ་གང་ཡང་མ་རེད།མི་མང་ཚོས་གུས་པར་མུ་མཐུད་རྒྱབ་སྐྱོར་དང་ཡིད་ཆེས་གནང་ན༌།ངས་མུ་མཐུད་ཚང་མའི་ཆེད་དུ་བསག་བསག་སྒྲུབ་སྒྲུབ་བྱེད་ངེས་ཡིན།༌༌༌༌༌༌
གོང་གསལ་ནི་དཔོན་ནོར་བུ་ཕྱི་གླིང་ནས་ཕྱིར་འབྱོར་མ་ཐག་ཁོའི་ཁྱབ་ཁོངས་འོག་གི་ཚོགས་མི་ཚོར་གཏམ་བཤད་དུམ་ཞིག་རེད།དེ་རྗེས་ནོར་བུ་ཕྱིར་ནང་དུ་འབྱོར་རྗེས།ཐག་ཆུང་དང་ཁོའི་ཆུང་མ་གཉིས་ཀྱི་ལྟོ་ཟས་གྲ་རྒྱས་པོ་ཞིག་གཤམ་པ་དང་སྦྲགས་ཁོ་སྒུག་ནས་བསྡད་པར་མཐོང་རྗེས༌།ལམ་སང་གཡོག་མོ་དབྱངས་སྒྲོན་ལ་མིག་ལོག་ལྟ་ཙམ་བྱས།གཡོག་མོས་ལམ་སང་ནོར་བུ་མདུན་དུ་སྒུར་ནས་ནོར་བུའི་ལྷམ་ཀོག་ཕུད་རོགས་བྱས་རྗེས།ནོར་བུ་དང་ཆུང་མ༌།ཐག་ཆུང་གསུམ་མཉམ་དུ་ལྟོ་ཟས་ལ་རོལ།
ཆང་རག་གིས་ཀླད་རྩ་ཏོག་ཙམ་འཁྲུག་དུས་༌༌ནོར་བུས།དེང་སང་ང་དཔོན་མགོ་ཐོན་ཕྱིར་ང་ཚོས་ཐབས་ལམ་སྣ་མང་ལ་བརྟེན་ནས་ཕྱིའི་ཡ་རབས་ཡིད་མདོག་འདྲ་བྱེད་པ་མ་ཟད་ངས་རླབས་ཆེན་དང་ཡང་དག་པ།གཟི་བརྗིད་ཀྱི་གཏམ་བཤད་དེར་མི་དམངས་གླན་ལྐུགས་དེ་ཚོ་ཚང་མ་དགའ་ནས་སེམས་འགུལ་ཐེབས་བསྡད་ཡོད་རེད།༌༌༌༌༌ཧེ་ཧེ་ཧེ། ༌༌༌ཀེ༌༌༌༌༌།ཐག་ཆུང། ད་དེང་སང་ངའི་ངོ་གདོང་དང་གཟུགས་པོའི་རྣམ་པས་འཕྲབ་སྟངས་དེ་ཚོ་མཛེས་རུ་ཞི་དྲག་ཕྱིན་མི་འདུག་གམ༌༌༌༌༌༌ཐག་ཆུང་གིས་དེའི་ལན་དུ།རེད།འོན་ཀྱང་ནང་སེམས་ཀྱི་མཛེས་ཆོས་དང་ཕྱི་རྣམ་འགྱུར་མཛེས་པ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད་པ་ཞིག་རེད་༌༌༌༌༌༌༌དེ་ཕྱིའི་རྣམ་འགྱུར་གྱིས་མི་ཡོངས་རྫོགས་སེམས་འགུལ་ཐེབས་ཐུབ་ཀྱི་རེད། དེ་འདྲ་རེད་པས།༌༌༌༌༌༌ དཔོན་ལགས།ནོར་བུས། ༌༌༌༌དེ་འདྲ་རང་རེད། ཕྱིའི་མཛེས་པ་དེ་ནང་སེམས་ཀྱི་མཛེས་ཆོས་ལས་ཞི་དྲག་གི་བེད་སྤྱོད་ཆེ་བ་ཡོད་རེད་ད་ཟེར།
ཡང་ཐག་ཆུང་གིས། དཔོན་ཆེན་ལགས། བེད་སྤྱོད་ཆེ་བ་ཡོད་པ་དེ་དམ་འཛིན་ཡག་པོ་བྱེད་དགོས་ཀྱི་རེད། དཔོན་རང་སྐུ་དབང་བརྟན་རོགས་བྱེད་ན༌༌༌༌༌༌༌། ང་ཡང་མཉམ་དུ་བསོད་ནམས་འཕེལ་ངེས་རེད།དཔོན་ཆེན་ལགས༌།ཁྱེད་རང་ངའི་ཚེ་འདི་ཕྱི་གཉིས་ཀྱི་ཡོད་ཚད་ཡིན༌།དཔོན་ཆེན་ལགས།སྐྱབས་སུ་མཆིས༌༌༌༌༌༌༌༌།ཤེས་བཤད་རྗེས་ལག་གཉིས་ཐལ་མོ་སྦྱར་ནས་ནོར་བུ་ལ་ཕྱག་རྒྱ་བཅས་ཏེ་མུ་མཐུད༌།དཔོན་ཆེན་ལགས།བེད་སྤྱོད་ཆུང་བ་དེ་དག་རིན་ཐང་ཆུང་བ་དེ་འདྲ་མིན་ཡང༌།ཁྱེད་ཀྱིས་ཡིན་གཅིག་ང་རང་གཉིས་ཀར་བསོད་བདེ་འཕེལ་ཐུབ་པ་དེ་ལག་བསྟར་གནང་རོགས་གནང༌༌༌༌༌༌༌༌།ཞེས་སྨོན་ཚིག་བགྲང༌།
ནོར་བུས༌། རིན་ཐང་ཟེར་བ་དེས་ལྟོ་གོས་ཀྱི་ཚབ་བྱེད་ཐུབ་ཀྱི་རེད་དམ། བློ་བདེ་མོ་བྱོས། ངས་གང་བཤད་པ་ཉོན་དང༌། ངས་རང་ལ་ལྐོག་ནས་ཟ་རྒྱུ་ཡོད་པ་ཚང་མ་ཟ་བཅུག་ཆོག་ལ་གྱོང་རྒུད་སྤྲད་མི་ཡོང༌། ཨེ་གོ་ཐལ༌༌༌༌༌༌།
ཐག་ཆུང་གིས་ལམ་སང༌། དཔོན་ཆེན་ལགས། ལྟོ་ཟས་ནི་ངའི་མི་ཚེའི་ནང་གི་ཡོད་ཚད་ཡིན། སྐྱབས་སུ་མཆིས།ཁྱེད་མེད་ན་ང་ནི་འཇིག་བརྟེན་འདིའི་སྒང་ཇི་ལྟར་འཚོ།དཔོན་ཆེན་ལགས༌།ཁྱེད་རང་ནི་ངའི་དྲིན་ཆེན་གྱི་ཕ་མ་དང་བླ་མ་ལས་ཀྱང་རྩ་ཆེ་བ་ཡོད།ཁྱེད་རང༌༌༌༌༌༌༌༌༌༌༌།ཞེས་མུ་མཐུད་བཤད་རྩིས་ཡོད་སྐབས།
དཔོན་ནོར་བུས།དམིགས་བསལ་ལྟོ་བ་མི་འགྲང་མཁན་དང་འཚོ་བ་སྐྱོ་པོ་ཁྱོད་ལྟ་བུར་མཚོན་ན་དེ་ནི་འགལ་འགངས་ཆེ་བའི་གནད་དོན་ཞིག་རེད། ངས་མཛུབ་མོ་ག་བཙུགས་ཤར་ལ་རྩིས་ན༌།ཁེ་སང་ཡོད་ཡོད་པ་རེད།ད་ཐེངས་ཀྱང་ངས་ཁྱེད་ལ་ང་ཚོའི་ཚོགས་པའི་མིང་ཐོག་ནས་སྒོར་མོ་ཨོ་ཙམ་འཁྱེར་ཡོད་ད༌༌༌༌༌༌༌༌།
ཐག་ཆུང་ལམ་སང་ཡར་ལངས་ནས།ནོར་བུའི་མདུན་ནས་ཕྱག་འཚལ་བཞིན༌།ངའི་དཔོན་ཆེན་ལགས།ངའི་མི་ཚེའི་སྙིང་པོ་ཡོངས་རྫོགས་ཁྱེད་རང་གིས་གནང་བ་རེད།ཁྱེད་མེད་ན༌།ང་གྲོང་གསེང་གི་སྤྲང་ཁྱི་དེ་དང་ཁྱད་པར་གང་ཡོད།གཟིགས་དང༌།ཁྱེད་རང་གིས་ང་ཁྱེད་ཀྱི་ཕྲུ་གུ་བཞིན་གསོ་སྐྱོང་གནང་བ་རེད།དཀོན་མཆོག་གསུམ་པོ།ངས་ང་ལ་ལྟོ་གོས་གནང་མཁན་ཁྱེད་ཀྱི་ཆེད་དུ་ཤི་དགོས་བྱུང་ཡང་འགྱོད་པ་ཅི་ཞིག་ཡོད།དཔོན་ཆེན་ལགས༌༌༌༌༌༌༌༌༌ཧུཧུཧུ།ཟེར་གྱིན་སླར་ཕྱག་གསུམ་འཚལ།
ནོར་བུས།དོན་ཆེན་སྒྲུབ་པར་ངང་རིང་དགོས༌།ད་ཐེངས་ངས་ང་རང་གཉིས་ལ་དངུལ་མ་ཉུང་ཙམ་བསྲག་ཐབས་བྱུང༌།དཀའ་ལས་ཀྱང་མང་པོ་བརྒྱབ་པ་ཡིན།འོན་ཀྱང་ཕྱི་གླིང་བ་དེ་ཚོ་ཁ་བཙུམ་རྒྱུ་དེ་འདྲ་ཡོད་མ་རེད།གལ་སྲིད་ནོར་འཛོལ་འདྲ་བྱུང་ཚེ།ཡུན་ཐུང་ནང་མ་འགྲིག་པའི་ཕྱོགས་འདྲ་འཛོལ་སོང་ན་ཁྱོད་ཀྱིས་ཁེས་ལོན་བྱོས་དང༌།ཧ་ལས་ན་ཁྱོད་ཚོགས་པ་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་རྗེས་མིང་ངན་ཙམ་ཡོད་རུང༌།དེ་རྗེས་ངས་ཁྱོད་དང་ཁྱིམ་མི་ཚོར་ཁེ་སང་མདང་ཐག་ཅོད་ཅིག་སྤྲད་ཆོག༌།གོ་བྱུང་ངམ།
ཐག་ཆུང་གི་མིག་ནང་མཆི་མ་འཁོར་བཞིན༌།དེ་འདྲ་བྱུང་ན་དཔོན་ཆེན་ལགས་ཀྱིས་ང་ཚོ་དུད་འགྲོ་ཕག་པར་སྙིང་རྗེ་གནང་བ་བཞིན་སྙིང་རྗེས་སྐྱོང་རོགས་གནང༌།ང་རང་དུད་འགྲོ་ནང་བཞིན་ཡིན་རུང་ལྟོ་གོས་ལ་སེམས་འཕྲལ་མེད་པའི་དུད་འགྲོ་ཡིན་ཕྱིར། དཔོན་ཆེན་པོས་གང་གནང་ཡང་ཁྱད་པར་གང་ཡང་མེད༌༌༌༌༌༌༌༌༌།
ནོར་བུས། ཨོ༌། བྱས་ཙང༌། ཁྱད་པར་གང་ཡོད་མ་རེད། ད་དེ་འདྲ་ཡིན༌། ཁྱོད་ཀྱི་དངུལ་དེ་ཚོ་འཁྱེར་ནས་ལྟོ་གོས་ཡག་པོ་ཉོས་༌༌༌༌༌༌༌༌༌༌སོགས་ཟེར།
ཐག་ཆུང་གིས་ཐལ་མོ་སྦྱར་བཞིན།དཔོན་ལགས།ང་ཚོའི་ཚོགས་པའི་དངུལ་གཉེར་དོན་ལྡན་གྱིས།དེ་སྔོན་ང་ལ་སྔར་ནས་ད་བར་འགྲོ་བ་མིའི་རིགས་ལ་བཟང་པོའི་གྲུབ་འབྲས་མང་པོ་བྱུང་ཡོད༌།མི་རབ་ཅིག་ཡིན་ན་ལྟོ་གོས་ཁོ་ནར་འཚོ་མཁན་སྙིང་པོ་ཡོད་མ་རེད་ཟེར༌།ཧིན༌༌༌༌༌།སྐྱག་ལྐུག་དེ་ཡིན་ན།མི་ཟེར་བ་དེ་རྒྱུ་ནོར་གྱི་ཆེད་དུ་མི་འཚོ༌ན།ག་རེའི་ཆེད་དུ་འཚོ་དགོས་སམ།ཁོ་སྙིང་རྗེ།ཞེ་པོ་ཞིག་ཡིན་མདོག་བྱེད་དེ་དཔོན་ཆེན་ལགས་ལ་ཁ་གཏད་འདྲ་བཅག།ད་ཚོགས་པ་ནས་ཟླ་རེའི་གླ་ཕོག་དེ་ལས་གཞན་ཟ་རྒྱུ་ཡོད་པ་ཆ་ཚང་བརླག་ཚར་བ་རེད།སྙིང་རྗེ།ང་ཚོ་མི་དང་དུད་འགྲིའི་དབར་ཁྱད་པར་ག་རེ་ཡོད་དམ།ང་ཚོ་དབར་གྱི་འཚོ་བ་བསྐྱེད་སྟངས་མི་འདྲ་ཙམ་ལས་ཁྱད་པར་གང་ཡང་མེད༌། རེད་དམ༌། དཔོན་ཆེན་ལགས༌༌༌༌༌༌༌༌༌༌༌།
དཔོན་ཆེན་གྱིས་སླར། འཚོ་བའི་ཐབས་ལམ་མི་འདྲ་བ་རེད། དོན་དངོས་ཐོག་དེ་གཉིས་ཀྱི་ནང་དོན་གཅིག་མཚུངས་རེད། ཤེས་ན་འགྲིག་འདུག་ཅེས་བཀའ་གནང༌།
ཐག་ཆུང་གིས་ཀྱང༌།དཔོན་ཆེན་ལགས།དོན་དངོས་ཐོག་ལྟོ་ཟས་ཁོ་ནར་ཆེད་དུ་མི་ཚེ་གཅིག་ནང་ཁྱི་རྒྱུག་རྒྱུག་བྱེད་དགོས་པ་དེ་ང་ཚོའི་མི་ཚེའི་སྙིང་པོ་རེད་འདུག་ག༌༌༌༌༌༌༌༌༌༌༌ཅེས་སེམས་འགུལ་ཆེན་པོས་དེ་ལྟར་བཤད༌།
ནོར་བུས།ཕར་ཆེར་དེ་འདྲ་རེད།ཁྱོད་ཀྱི་ཤེས་ན་འགྲིག་ཤག་དུས་ཚོད་འདྲ་འབྱུང་ན་ད་དུང་ང་གཉིས་ཀྱི་དགྲ་ཡིན་མདོག་དེའི་ཕྱོགས་ལ་ཁ་གཏད་གང་འདྲ་བཅོག་དགོས་མིན་གྱི་བསམ་བློའི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས་པ་རེད།གོ་བྱུང་ངམ
།ཐག་ཆུང་གིས༌།གོ་ཐལ༌།གོ་ཐལ།འོ་ན་འཚོ་སྤྱོད་ཀྱི་དོན་དངོས་སུ་མི་དང་དུད་འགྲོ་དབར་རྩ་བའི་ཆ་ནས་དབྱེ་བ་མེད་པའི་བསམ་བློའི་འཁྱེར་ཕྱོགས་ངོས་འཛིན་སྲ་བརྟན་ཡོད།དཔོན་ཆེན་ལགས།དེ་རྗེས་དུས་ཚོད་འདྲ་འབྱུང་ན་དཔོན་ངེད་གཉིས་ཀྱི་ཁ་གཏད་ཚོར་དགྲ་ཤ་ལེན་སྟངས་ཐད་ཀྱི་བསམ་བློའི་་ཕྱོགས་སུ་འཕེལ་རྒྱས་བཏང་བའི་དགོས་དོན་ཆེན་པོ་འདུག་ལགས།
ནོར་བུས།ཧ་ཧ༌།ང་གཉིས་ཀྱི་འཚོ་བའི་ནང་ཉོབ་སྣང་སྐྱེ་ཡོང་དུས་མི་མང་གླན་ལྐུགས་དེ་ཚོའི་ཆེད་དུ་ཕྱི་ཚུལ་གྱི་བྱ་བ་འདྲ་སྒྲུབ་ཀྱི་ཡོད་མདོག་བྱེད་དགོས་ཀྱི་རེད་ད།
ཐག་ཆུང་གིས།དེ་འདྲ་ལོས་ཡིན༌།ང་རང་དུད་འགྲོ་དང་ཁྱད་པར་མེད་པའི་བསམ་བློ་ལ་ངེས་བརྟེན་འཕེལ་སོང༌།དེར་ངོས་ལེན་ཡང་གཏིང་ཟབ་ཅིག་རག་སོང༌།དེ་ཚོ་ཚང་མ་དཔོན་ཆེག་ལགས་ཀྱི་དཀའ་དྲིན་ཉག་ཅིག་དང་བསླབ་བྱ་བཟང་པོ་ལས་བྱུང་བའི་གྲུབ་འབྲས་ཡིན།དཔོན་ཆེན་པོ་སྐྱབས་སུ་མཆིས༌༌༌༌༌༌༌༌༌།
ནོར་བུས།མི་མང་ཆེའི་ངོས་ལེན་བྱེད་ཀྱི་མེད་པ་མིན་འགྲོ་འོན་ཀྱང་ཁྱོད་ང་དང་རྒྱུན་རིང་འགྲོག་འབྲེལ་བྱུང་ཚར་བས་ཕར་ཆེར་སོ་སོར་ལྟོ་གོས་སྤྲད་མཁན་གྱི་ཆེད་དུ་ཡོངས་རྫོགས་བློས་བཏང་དགོས་པའི་དོན་སྙིང་ལ་ངོས་ལེན་བྱེད་ཐུབ་ཀྱི་རེད་དྲན་གྱི་འདུགཐག་ཆུང་སྐྱོ་སྣང་དང་བཅས།༌༌༌༌༌༌༌༌༌དཔོན་ཆེན་ལགས།དེ་འདྲ་མ་རེད།དེ་འདྲ་མ་གསུངས་རོགས་གནང༌།དོན་དངོས་ཐོག་མི་མང་ཆེར་ང་ནང་བཞིན་མི་དང་དུད་འགྲོ་གཉིས་ཀྱི་འཚོ་ཐབས་གཅིག་མཚུངས་ཡིན་པའི་གནད་དོན་དེར་ངོས་ལེན་བྱེད་ཀྱི་འདུག༌༌༌༌༌༌༌༌ངས་ཧ་གོ་གི་ཡོད།དཔོན་ཆེན་ལགས།ཁྱེད་རང་ཐུགས་འཁུར་མ་གནང་རོགས།
ནོར་བུས་སླར་ཡང་ཡིན་མདོག་ངང་ནས༌།མི་དམངས་ཀྱི་མདུན་དུ་ཡིག་གཅིག་གུ་ཡངས་པོ་ཟོལ་འདྲ་བྱེད་དགོས་ཀྱི་རེད།དེའང་ལས་སྟབས་བདེ་པོ་ཞིག་དང་ཁེ་སང་རག་ཐབས་ཤིག་རེད།དེ་ནི་རང་བཞིན་གྱིས་འབྱུང་ཐུབ་པ་ལྟ་བུའང་རེད།དེ་འདྲ་བྱེད་པར་བློ་ཁོག་ཆེན་པོ་དགོས་མ་རེད་ཟེར།
མཁས་པ་གཅིག་གི་གཏམ་གྱིས་མཇུག་བསྡུ་བ༌། གང་ཟག་སྒེར་གྱིས་སོ་སོར་མིའི་མཐོང་མ་བཞག་ན།མི་གཞན་གྱིས་རང་ལ་མིའི་བརྩི་མཐོང་བཞག་ཀྱི་མ་རེད།དེ་འདྲ་བྱུང་ན༌།ཁྱོད་ཡིད་ཚིམས་པ་ཞིག་འབྱུང་ཐུབ་ལ།འཇིག་བརྟེན་ཐོག་བརྒལ་མི་ཐུབ་པའི་འགག་འཕྲང་ཟེར་བ་དེ་འདྲ་གང་ཡང་མེད་པའི་ཐོག་ནས་མི་ཚེ་བསྐྱལ་ཆོག།
༢༠༠༧། ༠༤། ༡༩ ཉིན།