ཐོལ་བྱུང་གི་སྐྱོ་གླུ

འབྲི་མོས་མར་ལོ་སེར་པོ་ཤུལ་བཞག་གནང་།།

གཡང་མོའི་བལ་ལྭ་དྲོན་མོས་གྲང་ངར་སྲུང་།།

འབྲོག་ཁྱིའི་ཟུག་སྐད་ངར་མས་སྤྱངས་སྙིང་སྡིགས།།

དགྱ་ནག་ཇག་དམར་ཚོགས་ལ་སུ་ཡིས་རྒོལ།།

ཕ་ལོ་རིིགས་བཟང་བུ་ཡིས་རྒྱལ་ཁམས་ཉུལ།།

མ་ཡུམ་གཤིས་བཟང་བུ་མོ་ཁྱིམ་ལས་འཁོར།།

སྐྲ་ལོ་བྲེགས་པའི་བཙུན་པ་ཆོས་གྲྭར་འགྲིམ།།

དབྱངས་གསལ་སོ་བཞིའི་སྒྲོན་མེ་སུ་ཡི་སྤར།།

དཔོན་རིགས་ཆོལ་ཁ་རྩོད་ནས་འདུས་པར་དཀའ།།

བླ་གྲྭ་ཆོས་ལུགས་ཞེན་གྱིས་འཆམ་མཐུན་དབྱེན།།

བང་རྣམས་འཚོ་གོས་བཟང་ངན་འགྲན་ལ་མོས།།

རང་རིགས་བདེན་པའི་ལས་ལ་སུ་ཡིས་བརྩོན།།

བྱེས་འབྱོར་ན་གཞོན་ཡོངས་རྫོགས་ཨ་རིར་སྨོན།།

བླ་མ་དགེ་བཤེས་མང་པོས་སྒྲོག་ལར་སྒོམ།།

དཔོན་ཆེན་སྤྱི་འཐུས་ལམ་གླ་གྲོས་ཆོད་གླེང་།

གཞིས་ལུས་སྤུན་ཟླའི་དཀའ་སྡུག་སུ་ཡིས་བསལ།།