འགྲོ་བ་མིའི་མཛའ་བརྩེ་གོང་འཕེལ་གཏོང་ཆེད་ཡིན།
དེ་ཡང་ྋགོང་ས་མཆོག་ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་གནང་གཏན་ཁེལ་བ་ནས་རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་ཅིང། དེ་བཞིན་དེང་སྐབས་རྒྱ་དཀར་ནག་གཉིས་དབར་མོན་རྟ་དབང་ཕྱོགས་སུ་ས་མཚམས་འཐབ་རྩོད་ཀྱི་རྙོག་འཛིང་དེ་ཆེ་རུ་འགྲོ་བཞིན་ཡོད་པས། ྋགོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་བ་དེས། རྒྱ་ནག་ཕྱོགས་ནས་མོན་རྟ་དབང་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་འཆལ་གཏམ་དེ་རང་བཞིན་གྱིས་དོན་མེད་འབྲས་མེད་དུ་འགྱུར་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༩ ཉིན་རྒྱ་གར་གྱི་དུས་བབ་གསར་ཤོག་གི་གསར་འགོད་པ་སོགས་ལ་ྋགོང་ས་མཆོག་གིས། “བོད་ཀྱི་གནད་དོན་དེ་ངོས་བོད་དུ་ལོག་རྒྱུའི་གནད་དོན་མ་རེད་ལ། དེ་ནི་བོད་མི་ས་ཡ་༦ གི་བདེ་སྡུག་ལ་ཐུག་ཡོད། ཕྱི་ལོ་༡༩༨༠ ལོར་རྒྱ་ནག་གཞུང་གིས་གལ་སྲིད་ངོས་བོད་ལ་ཕྱིར་ལོག་འདོད་ན། ཆ་རྐྱེན་༥ ཁས་ལེན་དགོས་པའི་དགོས་འདུན་བཏོན་ནས་ངོས་ཕྱིར་ལོག་རྒྱུའི་ཆེད་དུ། རྒྱ་ནག་གཞུང་གིས་ལྡི་ལི་གསར་པར་སྣེ་ལེན་བྱེད་མཁན་སྐུ་ཚབ་གཏོང་གི་ཡིན་ཟེར་ནས། ངོས་ལ་རེ་འདུན་གནང་མྱོང་ཡོད་ནའང་ངོས་ཀྱིས་རེ་འདུན་དེ་དང་ལེན་བྱས་མེད། དེ་བཞིན་༡༩༩༣ དང་༢༠༠༢ སོགས་སུའང་ཁོ་ཚོས་ངོས་བོད་ལ་ཕྱིར་ལོག་ཆེད་དུ་རེ་འདུན་གནང་ཡོད་པ་རེད་མོད། ངོས་ཀྱི་ལན་ནི་སྔོན་དུས་དང་གཅིག་མཚུངས་རེད་ཅེས་”གསུངས་ཡོད་པ་རེད།
ཡང་ཁོང་གིས་མོན་རྟ་དབང་དུ་ཆིབས་བསྒྱུར་གནང་དགོས་པའི་རྒྱུ་མཚན་གསུང་དོན། “ངོས་རྟ་དབང་དུ་ཡོང་པ་འདི་ཆབ་སྲིད་ཀྱི་གདན་དོན་དང་འབྲེལ་བ་གང་ཡང་མེད། འདི་ནི་འཇིག་རྟེན་སྟེང་གི་འགྲོ་བ་མིའི་མཛའ་བརྩེ་གོང་འཕེལ་གཏོང་ཆེད་དུ་ཡིན་ལ། དེ་བཞིན་༡༩༥༩ ལོར་ངོས་རྒྱ་ནག་གི་བཙན་འོག་ནས་ལུང་པ་འདིའི་ནང་ཐོག་མར་སྐྱབས་བཅོལ་ལ་སླེབས་སྐབས། ལུས་སེམས་གཉིས་ཀ་ཧ་ཅང་སྐྱོ་པོ་བྱས་ནས་ཡོང་བ་རེད། དེ་རིང་འདིར་འབྱོར་སྐབས་སྔོན་དུས་ཀྱི་ཚོར་བ་རྣམས་དྲན་ནས་སྐྱིད་སྣང་ཡོང་གི་འདུག ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གཞུང་གིས་ང་ཚོར་བདེ་དོན་གྱི་ཆེད་དུ་སྐད་ཆ་གང་བཤད་ཡོད་མ་རེད། ངོས་རྒྱ་གར་དུ་འབྱོར་བ་དང་རྒྱ་ནག་གིས་ངོ་རྒོལ་གྱི་སྐད་ཆ་དེ་འགོ་བཙུགས་པ་རེད། ངོས་རྟག་ཏུ་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ལ་ཧང་སངས་ཀྱི་འདུག་ཅེས་”ྋགོང་ས་མཆོག་གིས་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
ཐེངས་འདིའི་ྋགོང་ས་མཆོག་གི་ཆིབས་བསྒྱུར་ལ་རྒྱ་གར་ཨ་རི་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གིས་གཙོས་མི་མང་གིས་སྣེ་ལེན་གཟབ་རྒྱས་ཞུ་བཞིན་ཡོད་པ་དང། མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གིས་“རྒྱ་ནག་གཞུང་ལ་རྒྱ་གར་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུའི་དབང་ཆ་ཡོད་པ་མ་རེད་”ཅེས་རྒྱ་ནག་གི་སྐྱོན་བརྗོད་ལ་ལན་འདེབས་གནང་ཡོད་པ་རེད།།
