ཆབ་སྲིད་དང་འདོད་ཡོན་གྱི་ཕྱི་པགས་གྱོན་པའི་བོད་ཀྱི་གཞས་པ།

དེ་ནས་བཟུང་ཁོ་ཚོས་དམངས་གཞས་ཁ་ཤས་བཏང་སོང་བ་མ་ཟད། ད་དུང་གྱོན་གོས་འཁྲུ་བ་ཞེས་པའི་གཞས་དང༌། གུང་ཕྲན་ཏང་སླེབས་ནས་སྡུག་བསྔལ་བདེ་བར་བསྒྱུར་སོང་ཞེས་པའི་གླུ་གཞས་རྙིང་པ་དེ་དག་བཏང་ཡོད་ལ། ཁེངས་སྤོབས་ཀྱི་ཐོག་ནས་ཁོ་ཚོ་ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་སྐབས་ཕྱི་ཡུལ་གནས་བསྡོད་བྱེད་མཁན་ཀྲུང་གོ་བ་ཚོས་མེས་རྒྱལ་ནས་ཡོང་བའི་གླུ་དབྱངས་ཐོས་ནས་ངུས་སོང་ཞེས་བཤད་ཡོད་པ་རེད།


གླུ་གཞས་རྙིང་པ་འདི་གཉིས་བོད་ཀྱི་དམངས་ཕྲོད་ནས་བྱུང་བ་ཡིན་ཡང༌། གཞས་ཚིག་ཡོངས་རྫོགས་སྐབས་དེ་དུས་མའོ་ཙེ་ཏུང་གིས་བོད་ལ་བཏང་བའི་བཅིངས་འགྲོལ་དམག་གིས་བྲིས་པ་རེད། བོད་མི་ཁ་གཤིས་ཀྱི་ཐོག་ནས་དམར་ཤོག་ཚོར་དགའ་མགུ་ཡིད་རངས་མཚོན་ཐབས་བྱས་པ་དང༌། རིག་གནས་གསར་རྗེའི་སྐབས་སུ་རྒྱ་ནག་ཡོངས་དར་ཁྱབ་ཟིན་པའི་གླུ་གཞས་དེ་དག་རེད།


འོན་ཀྱང་དེང་གི་དུས་སུ་དེང་རབས་བོད་རིགས་གཞོན་སྐྱེས་ཡིན་ཁུལ་བྱེད་མཁན་གྱིས་ཧ་ལ་མ་ཟེར་བའི་གླུ་མ་ཚོགས་པའི་འཐུས་ཚབ་ཡིན་པའི་ངོས་ནས་གསར་རྗེའི་གླུ་གཞས་དེ་དག་སྐྱར་ཟློས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། དེ་བཞིན་ཁོ་ཚོའི་གླུ་གཞས་གསར་པའམ་སྔར་དམངས་ཕྲོད་ཀྱི་གཞས་ནས་བཅོས་སྒྱུར་བྱས་པ་ཡིན་ལ། གཞས་ཚིག་ནང་སྐལ་བཟང་མེ་ཏོག་འོད་དཀར་འཚེར་དགོས་དོན་གང་ཡིན་ནམ། དེ་ནི་གུང་ཕྲན་ཏང་གི་ཉི་འོད་རྩ་ཐང་དུ་འཕྲོས་ཡོད་པས་ཡིན། ཞེས་པ་དེ་རེད།

 

གཞས་པ་ནི་གཞས་པ་རང་ཡིན་དགོས་ཏེ་སོ་སོའི་སྐད་གདང་དགོས་པ་རེད། གལ་ཏེ་གཞས་པ་ཞིག་ཡིན་པའི་ཆ་ནས་བསམ་བློའི་ངོ་བོ་གཞན་ལ་ལད་ཟློས་བྱས་བསྡད་ན་དེ་ནི་སོ་སོའི་སྐད་མ་རེད་ལ། དམངས་ཕྲོད་ཀྱི་སྐད་ཀྱང་མ་རེད། དེའི་སྐད་སྙན་པོ་གང་འདྲ་ཡིན་རུང་དབང་འཛིན་པར་སྤྲོ་བ་འཕེལ་བྱེད་ཀྱི་འཁྲབ་སྟོན་པ་ཙམ་རེད།


དེ་འདྲ་ཡིན་དུས་དེ་མིན་ན་གླུ་གར་གྱི་སྡེངས་ཆ་དེ་སྔོན་མའི་སྡུག་བསྔལ་བགྲང་ནས་བདེ་བ་དྲན་ཟེར་བའི་གྲལ་རིམ་འཐབ་རྩོད་ཀྱི་ཚོགས་ར་ཞིག་བཟོས་པ་ཡིན་ན་ཡག་ཤོས་རེད། བཤད་སྲོལ་ལྟར་ན་རིག་གནས་གསར་རྗེ་ཟེར་བའི་སྐབས་སུ་ཕ་རོལ་པོར་ཐད་འདོན་བྱེད་ཡུལ་ཚོགས་འདུའི་ཐོག་སྡེངས་ཆའི་སྒང་གི་གཏམ་བཤད་པས་ཐེངས་མང་སྤྱི་ཚོགས་རྙིང་པར་ཁོང་ཁྲོ་དྲག་པོ་ལངས་ནས་དྲན་མེད་གྱར་ཁུལ་བྱས་པ་དང༌། ཡང་ན་སྤྱི་ཚོགས་གསར་པའི་བདེ་སྐྱིད་འཚོ་བར་དགའ་སྤྲོ་རབ་ཏུ་འཕེལ་ནས་དྲན་མེད་དུ་གྱུར་སྟངས་འཁྲབ་སྟོན་བྱེད་དུས་གཤམ་འོག་གི་ཟློས་གར་ལྟ་མཁན་རྣམས་ཀྱང་དུས་ཐོག་དབང་མེད་ངང་ནས་མིག་ཆུ་གཏོང་བར་གྲ་སྒྲིག་ཨང་གསར་ཡོད་ལ། གལ་ཏེ་གང་འདྲ་བྱས་ཀྱང་ངུ་མ་ཐུབ་ན། མིག་པགས་ཐོག་ལྐོག་ཏུ་ཁ་ཆུ་ཏོག་ཙམ་བྱུག་ནས་ངུ་ཁུལ་གྱིས་སྡེངས་ཆ་སྒང་དང་འོག་གི་ལྟད་མོ་ལྟ་མཁན་ཚང་མས་དེ་ལྟར་ཟློ་གཞུང་འཁྲབ་ཀྱི་ཡོད་པ་རེད།

 

དོན་དངོས་ཐོག་གླུ་གཞས་རྙིང་པའི་རིགས་བསྐྱར་ལེན་བྱས་པ་དེ་ནི་གསར་རྗེའི་སེམས་ཚོར་ངོམས་ཕྱིར་མིན་ལ། དེ་དག་ནི་ཚོང་ལས་ཀྱི་ཆེད་དུ་ཡིན་པ་སུས་ཀྱང་ཤེས་རྟོག་ཡོད་པ་ཞིག་རེད། གླུ་གཞས་གཏོང་སྟེ་གླུ་པ་དང་གཞས་ཚིག་ཕྱོགས་གཉིས་སྐད་གྲགས་ཆག་རྗེས་དངུལ་འབོར་ཆེན་ལག་ཏུ་རག་ན། གཞས་པ་སུས་ཀྱང་བསམ་བཞིན་པའི་དོན་ཞིག་རེད། དེང་དུས་ལ་མཚོན་ན། གླུ་གཞས་ནི་ཚོང་ལས་ཀྱི་བྱ་བ་ཞིག་ཏུ་གྱུར་ཚར་བ་ལྟར། དེའང་རིག་གནས་གསར་རྗེའི་སྐབས་སུ་གླུ་གཞས་གཏོང་བ་དེའང་ཆབ་སྲིད་ཀྱི་བྱ་སྤྱོད་ཅིག་ཡིན་པ་བཞིན་དེ་ནི་སྤྱི་བཏང་གི་གནས་ཚུལ་ཞིག་རེད།



དེ་བཞིན་དེང་རབས་བོད་ཀྱི་གཞོན་སྐྱེས་ཡིན་ན། འགྱུར་ལྡོག་གང་ཡང་མེད་པའི་གནའ་སྲོལ་གྱི་གསར་རྗེའི་གཞས་དེ་ཚོ་རྐྱང་རྐྱང་གཏོང་རྒྱུ་ཡོད་མ་རེད། དེ་མིན་ན་ཡར་ལངས་ཞིང་བྲན་གྱི་གླུ་གཞས་གཏོང་མཁན་ཨ་ཡེ་ཚེ་བརྟེན་སྒྲོལ་མའི་གཞས་དང་བསྡུར་ཐབས་མེད་པར་བརྟེན། དེ་ལ་བཅོས་བསྒྱུར་དགོས་ངེས་རེད། དེང་རབས་གློག་གི་རོལ་དབྱངས་བེད་སྤྱོད་དགོས་པ་མ་ཟད། ད་དུང་གླུ་གཞས་སྐོར་སྡེངས་ཆའི་དར་སྲོལ་གྱི་ལུགས་ནས་གཞས་གཏོང་དགོས་པ་རེད།

 

སྔར་བས་མི་རྣམས་ཀྱི་མིག་དབང་འཕྲོག་ཐུབ་ཐབས་ཆེད། ཧ་ལ་མའི་གཞས་མ་ཚོགས་པ་མ་ཚད། དེང་སེང་སྡེངས་ཆའི་ཐོག་ནས་འབྱུང་བཞིན་པའི་བོད་ཀྱི་བུད་མེད་གཞས་མ་ཚོགས་པ་མང་ཆེར་གྱི་བཅོས་བསྒྱུར་ཤུགས་ཆེར་བྱས་ཚར་བའི་བོད་ཆས་གྱོན་ཏེ་ལུས་སྟོད་དམར་ཧྲེང་ཕྱིར་ངོམས་པ་དང༌། གཞས་གཏོང་བཞིན་འཕག་ཚག་རྒྱག་སྐབས་ཤ་རྗེན་ཕྱིར་ངོམས་མཁན་རྒྱ་ཡུལ་གྱི་བུད་མེད་གཞས་མ་དེ་དག་ལས་གཡོ་འཕྲུལ་གྱི་མི་སེམས་བསླུ་ཤུགས་ངར་བ་དེ་ནི་ཨ་རེ་པི་ཡ་རྒྱལ་ཁབ་ཀྱི་གཞས་མ་ཚོས་དེ་སྔོན་དོ་ནན་ཤིན་ཏུ་ཆེ་བའི་ས་གཞིའི་ཐོག་ནས་གྲོད་ཁོག་གཡུག་སྟངས་ཀྱི་ཞབས་བྲོ་ལས་བོད་ཀྱི་གཞས་མ་ཚོའི་འདོད་ཆགས་ཀྱི་བསླུ་བྲིད་མང་བ་ཡོད་པ་དེ་རེད།

 

སྟོད་ཧྲེང་ཕྱིར་ངོམས་པའི་སྐོར་བཤད་ཡོང་དུས་དེ་སྔོན་ངས་ནག་ཆུ་གླུ་གར་ཚོགས་པའི་འཕྲབ་སྟོན་མཐོང་མྱོང་ཡོད་པ་དང༌། ཕྱི་རབས་པ་ཚོས་ཕ་མེས་ནས་བཟུང་འབྲོག་པའི་ཉམས་སྟོབས་ལྡན་པའི་གཟུགས་ཕུང་དེ་དག་རྒྱུད་འཛིན་བྱས་ཤིང༌། རྟག་ཏུ་ར་ལུག་གི་ཤ་ཟ་བར་དགའ་བའི་མཛེས་མ་རྒྱག་པ་དེ་ཚོས་གནའ་སྲོལ་གྱི་བོད་ཆས་གྱོན་ན་ནི་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཡོད་ཀྱང༌། དེང་སང་ཁོ་ཚོས་ཀྱང་གྲོང་ཁྱེར་ནང་དར་སྲོལ་ཅན་གྱི་བུད་མེད་དེ་དག་ནང་བཞིན་གྲོད་ཁོག་ཕྱིར་ངོམས་བཟོ་བྱ་བའི་གྱོན་ཆས་གྱོན་པ་མ་ཟད། བོད་གོས་ཡག་པོ་ཞིག་ཡོད་ན་དེ་སྟོད་སྨད་གཉིས་ལ་དུམ་བུར་བཏང་ཚར་བར་བརྟེན། སྡེངས་ཆའི་ཐོག་གི་འཁྲབ་སྟོན་པ་ཚོས་དུམ་མཚམས་ལྟ་བུའི་ཤ་རྒྱག་པ་དེ་ཕྱིར་ངོམས་སྟངས་ལ་ལྟ་དུས་དགོད་བྲོ་བ་འདྲའང་རེད།