རྒྱ་གར་གསར་འགོད་ལས་རིགས་མཐུན་ཚོགས་ལ་མཇལ་ཁ།

བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འགན་གཙོ་བོར་བཞེས་ནས། རྒྱ་གར་རྒྱལ་ཡོངས་ནས་གསར་འགོད་པ་༡༥༠ ཙམ་འཛོམས་ནས་རྒྱ་གར་རྒྱལ་ཡོངས་གསར་འགོད་ལས་རིགས་མཐུན་ཚོགས་ཀྱི་ལྷན་ཚོགས་ཤིག་འཚོགས་པ་དང་། ལྷན་ཚོགས་དེ་བསྐོང་ཚོགས་གནང་དོན་གཙོ་བོ་ནི་བོད་ཀྱི་གནད་དོན་དང་འབྲེལ་ནས། བོད་མི་ཚོས་རྒྱ་བོད་ཀྱི་གནད་དོན་ལ་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་སྐོར་རེད། དེ་དང་འབྲེལ་ནས་ཕྱོགས་མཐའ་ནས་ཕེབས་པའི་གསར་འགོད་པ་ཡོངས་རྫོགས་ཀྱིས། བོད་ཀྱི་གནད་དོན་ལ་རྒྱུས་མངའ་ཡོང་བར་བྱས་ཏེ། བོད་དོན་དྲིལ་བསྒྲགས་བྱེད་རྒྱུའི་ལས་འཆར་དང་འབྲེལ་བའང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང།

ཁོང་གིས་མུ་མཐུད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་སྐོར་གསུང་དོན། “ཉིན་མཐའ་མར་གཙུག་ལག་ཁང་དུ་མཇལ་ཁ་དང་བསྟུན་ནས་གསར་འགོད་པ་ཚོས། ༸གོང་ས་མཆོག་ལ་ཟླ་བ་བཅུ་པའི་ནང་སྲིད་འཛིན་ཨོ་བྷ་མ་དང་མཇལ་ཁ་གནང་མ་ཐུབ་པའི་སྐོར་བཀའ་འདྲི་ཞུས་པའི་ལན་དུ། ༧གོང་ས་མཆོག་གིས་སྲིད་འཛིན་དང་ངེད་གཉིས་ཐུག་འཕྲད་གནང་མེད་པ་དེ་ལ་གནད་འགག་ཡང་ཡོད་མ་རེད། གང་ཡིན་ཞེ་ན། ངོས་ཀྱིས་སྲིད་འཛིན་མཆོག་ལ་རྒྱུས་མངའ་ཡོད་ལ། དེ་བཞིན་དུ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་གནད་དོན་ཐད་ལ་ཚོར་སྣང་ཆེན་པོ་དང་། ལས་དོན་གྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་གདེང་ཚོད་ཆེན་པོ་ཡོད།  ངོས་ཀྱི་བསམ་པར་གལ་སྲིད་ངོས་ནས་ཁོང་དང་ཐུག་འཕྲད་མ་བྱས་ན། ཁོང་རྒྱ་ནག་ཏུ་དུ་ཕེབས་སྐབས་བོད་ཀྱི་གནད་དོན་དེ་རྒྱ་ནག་དང་ལྷན་དུ་ཁ་གསལ་གཏིང་གསལ་ཡོང་བར་ཕན་ཐོགས་ཆེ་བ་ཡོང་གི་རེད་བསམ་བྱུང་ཞེས་བཀའ་གནང་སོང་”ཞེས་འགྲེལ་བརྗོད་གནང་སོང།

རྒྱ་གར་གྱི་དུས་བབ་གསར་ཤོག་གིས་དེའི་སྐོར་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གིས་“ངོས་ནས་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་གཟིགས་སྐོར་མ་གནང་བའི་སྔོན་དུ་ཐུག་འཕྲད་ཀྱིས་གཏམ་གླེང་བྱེད་རྒྱུར། ཕོ་བྲང་དཀར་པོའི་ཕྱོགས་ནས་ཕྲན་བུ་དོགས་ཟོན་བྱེད་ཀྱི་ཡོད་པར་ཤེས་རྟོགས་བྱུང་བ་དང་། སྲིད་འཛིན་མཆོག་དང་ཐུག་འཕྲད་བྱེད་རྒྱུར་ཨུ་ཚུགས་བརྒྱབ་མེད་”ཅེས་དང། “ངོས་ནས་ཆེས་མཐོའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེ་ལས་ལྡོག་སྟེ་རང་བཙན་རྩོད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཏེ། ད་ལྟའི་བར་ང་ཚོའི་ཕྱོགས་ནས་འབད་བརྩོན་བྱས་པ་དེར་གྲུབ་འབྲས་གང་ཡང་ཐོན་ཡོད་མ་རེད་”ཅེས་བཀའ་གནང་ཡོད་པ་དང་། དེ་བཞིན་འཆར་ལོའི་ཟླ་འགོར་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་རྒྱུའི་དགོངས་གཞི་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད།

ཡང་༸གོང་ས་མཆོག་གིས། རྒྱ་ནག་དམར་ཕྱོགས་ཚོགས་པའི་དབང་ཆ་གཅིག་སྡུད་ལམ་ལུགས་ལ། རྒྱ་ནག་མི་མང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་བྱེད་ཁག་པོ་དང་འགྱུར་བ་འགྲོ་རྒྱུ་ཡིན་པའི་སྐོར་གསུང་དོན་དུ། “རྒྱ་ནག་དེ་ངེས་པར་དུ་དུས་ལ་བསྟུན་ནས་གོམ་པ་རྒྱག་གི་རེད་”ཅེས་བཀའ་སློབ་གནང་ཡོད་པ་རེད།།