མ་ཅང་དང་ཤོག་ཕེའི་སྐུ་ངོ་།

ང་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་སླེབས་ནས་ལོ་གཉིས་ལྷག་ཅིག་ཕྱིན་ཞིང་། གཞིས་ཆགས་འདིའི་ནང་ཆ་རྒྱུས་ཡང་མི་དམན་པ་ཞིག་ཡོད། སྤྱིར་བཏང་གཞིས་ཆགས་འདི་བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མ་དང་ཆེ་ཤོས་ཡིན་པས་མ་ཚད། ཕྱོགས་མང་པོ་ཞིག་ནས་ཧ་ཅང་འཁྲུགས་ཆ་དོད་པོ་ཞིག་ཀྱང་རེད། དེར་བརྟེན་གཞིས་ཆགས་འདིའི་ནང་དུ་བཟང་ངན་ཡག་བཙོག་གི་གནས་ཚུལ་དང་། དགོས་མི་དགོས་ཀྱི་གནད་དོན་མང་པོ་ཞིག་གི་ལྟད་མོ་མཐོང་རྒྱུ་ཡོད་པ་ལས་འདིར་ས་གནས་འདིའི་མཐོ་རིམ་མི་སྣའི་རྒྱན་རྩེད་ཀྱི་སྐོར་གླེང་གི་ཡོད། ང་ས་གནས་འདིར་སླེབས་ནས་ལོ་ཕྱེད་ཙམ་གྱི་རྗེས་ལ་ངའི་གྲོགས་པོ་ཞིག་ངའི་སར་བསྡད་ནས་ཉིན་ཁ་ཤས་ནང་སྒོར་མོ་མང་པོ་ཞིག་འཕྲོ་བརླག་བཏང་བར། ངས་སྒོར་མོ་དེ་འདྲའི་མང་པོ་ག་རེའི་ཆེད་གཏོར་གྱི་ཡོད་ཅེས་དྲིས་པར་ཁོས་མ་ཅཱང་རྩེ་ཡི་ཡོད་ཟེར། དེ་ནས་ངས་ས་གནས་འདིའི་མ་ཅང་རྩེ་སའི་ས་ཚུགས་རྣམས་ཤེས་སོང་། འོན་ཀྱང་ངས་དོ་སྣང་དེ་ཙམ་ཆེན་པོ་སྤྲད་མེད། གང་ཡིན་ཟེར་ན།  འདི་ནི་བོད་པའི་སྤྱི་ཚོགས་ནང་སྤྱིར་བཏང་ལྟ་བུ་ཞིག་རེད། རེད་དེ་རྗེས་སུ་བོད་ནང་ཡར་ལང་གི་དོན་རྐྱེན་བྱུང་བའི་སྐབས་ཀྱང་མ་ཅང་རྩེ་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བས་གཞིས་ལུས་སྤུན་ཟླ་ཚོས་ལུས་སྲོག་བློས་གཏོང་གིས་དགྲ་བོའི་མེ་མདའི་སོ་ཁ་ནས་བོད་མིའི་སྐྱིད་སྡུག་རྩོད་པའི་བྱ་འགུལ་སྤེལ་སྐབས། འདི་ནས་རང་དབང་ལུང་པར་བདེ་སྡོད་སྐྱིད་ཉལ་གྱིས་རྩེད་འཇོའི་དགའ་སྟོན་བྱེད་ཀྱིན་པར་བློ་ཕམ་སྐྱེས་སོང་། ངས་དོ་སྣང་བྱེད་སྐབས་རྒྱན་རྩེད་ཁང་ཁ་ཤས་ཡོད་པའི་ནང་རྒྱན་རྩེད་པ་ཡང་གནད་ཡོད་མི་སྣ་མང་པོ་ཡོད་པའི་གནས་ཚུལ་ཤེས་བྱུང་། ངོ་མ་བཤད་ན་སེམས་སྐྱོ་བ་ཞིག་མ་རེད་དམ། ༸གོང་ས་མཆོག་གིས་ཕྱག་ཟུང་ཐལ་མོ་སྦྱར་ནས་འཛམ་གླིང་གི་མི་མང་ལ་བོད་པའི་སྐྱིད་སྡུག་གླེང་ནས་སྐུ་ཚེ་རྫོགས་འགྲོ་ཡི་ཡོད་པ་རེད་ལ། བོད་ནང་དུ་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་བོད་མའི་བདེ་སྡུག་གི་ཆེད་ཉིན་རེ་བཞིན་ཚེ་སྲོག་མང་པོ་རྫོགས་འགྲོ་ཡི་ཡོད་པ་ཤེས་གསལ་རེད། ཡིན་ན་ཡང་ང་ཚོས་གནད་དོན་འདི་གཏན་ནས་མི་ཤེས་ཁུལ་ཀྱིས་འགོ་སྡོད་མི་སྣ་ཚོས་ཀྱང་མ་ཅཱང་རྩེ་བཞིན་ཡོད་པ་རེད། ཁོང་ཚོ་རྩེད་ཁང་ནས་ཕྱི་རོལ་ལ་སླེབས་དུས་བྱ་འགུལ་མཛད་སྒོ་དག་གི་སྐུ་མགྲོན་རེད་ལ། མི་མང་དང་གཞོན་སྐྱེས་ཚོའི་བཀའ་སློབ་ལམ་སྟོན་པ་ཡང་རེད།  ཁོང་ཚོའི་བཀའ་སློབ་ལམ་སྟོན་དག་ནི་དོན་སྙིང་ལྡན་པ་དང་སྙན་འཇེབ་ལྡན་པ་ཞེ་ཅིག་རེད། ཁོ་རང་ཚོས་ཀྱང་ཉམས་མྱོང་དང་མི་རྒན་གྱི་བསླབ་བྱ་ཡིན་ཚུལ་བཤད་ཀྱི་ཡོད་ལ།  ངན་སེམས་ཀྱི་ལྷད་སྐྱོན་ཡོད་མདོག་མེད།  རེད་དེ་དོན་ངོ་མར་བཤད་ན་ཁོ་རང་ཚོས་༸རྒྱལ་བ་རིན་པོ་ཆེའི་རྒྱན་རྩེན་སྐོར་ཀྱི་བཀའ་སློབ་ཉམས་ལེན་མ་བྱས་པ་དངོས་ཡོད་ཅིག་མ་རེད་དམ། ངས་ཉིན་གཅིག་གྲོགས་པོ་གསར་འགོད་པ་ཞིག་དང་ས་གནས་ཀྱི་རྩེད་རིགས་སྐོར་སྐད་ཆ་བྱུང་བའི་སྐབས། ངས་ས་གནས་ཁྲིམས་ཞིབ་པ་ངའི་ཉེ་འགྲམ་གྱིས་རྒྱན་རྩེད་ཁང་ཞིག་ཏུ་མ་ཅཱང་རྩེ་རུ་ཡོང་གི་ཡོད་པ་ངས་མཐོང་བའི་དོན་དངོས་བཤད་པས་ཁོ་ཧང་སང་སང་བྱེད་ཀྱི་འདུག རེད་དེ་ང་ནི་ཉེ་ཆར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལྷོ་ཕྱོགས་ཁུལ་ཀྱི་གཞོན་སྐྱེས་ཚོར་ཆབ་སྲིད་གོ་སྤེལ་བའི་གཏམ་བཤད་པར་ལྷོ་སྤྱི་ལས་ཁུངས་ཀྱིས་གདན་ཞུ་བྱས་ནས། ས་གནས་འདིར་འབྱོར་བའི་དགོང་མོ་སྤུ་རག་གིས་ལུས་ཕུང་སྦྲིད་བཞིན་ཤོག་ཕེའི་རྩེད་འཇོ་ལ་རོལ་བཞིན་པའི་གནས་ཚུལ་ཐོས་པར་ཡིད་ཆེས་མི་རུང་བ་ལྟ་བུ་བྱུང་། འོན་ཀྱང་གནས་ཚུལ་འདི་རྫུན་མ་དང་ཉེས་འགེལ་གཏན་ནས་མིན་ལ།  ཕྱི་ཉིན་ཚོགས་གཙོ་མཆོག་གིས་སློབ་ཕྲུག་ཚོར་བཀའ་སློབ་དང་ལམ་སྟོན་འདྲ་ཆག་པོ་ཞིག་གནང་སོང་ལ།  སྐབས་དེར་ངའི་དྲན་པར་ཁོང་གི་ཐུགས་ལ་ཤོག་ཕེའི་མཛེས་རིས་དང་། ཞལ་ལ་སྤུ་རག་གི་དྲི་ཞིམ་ད་དུང་འཁོར་ཀྱིན་འཁོར་ཀྱིན་མེད་དམ་སྙམ་བཞིན་སེམས་གཏིང་ནས་ཁོང་རྒོད་ཞིག་ཀྱང་དབང་མེད་དུ་ཤོར་སོང་། འོན་ཀྱང་སློབ་ཕྲུག་ཚོས་ཚོགས་གཙོ་མཆོག་གི་མིག་མདུན་གྱི་ངོ་གདོང་གཅིག་པུ་ལས་མཐོང་མེད།  དེར་བརྟེབ་སློབ་ཕྲུག་ཚོས་ཚོགས་གཙོའི་སྤུ་རག་གི་དྲི་བསུང་དང་ཤོག་ཕེའི་རྩེད་འཇོའི་དགའ་སྟོན་ལ་རོལ་སྐབས་ཀྱི་ཁོང་གི་ངོ་གདོང་གི་རྣམ་པ་དེ་ཉམས་སུ་མྱོང་ཐབས་བྲལ་བ་ཞིག་རེད།  དེར་བརྟེན་དེ་རིང་ངས་བོད་ཡིག་ཀློག་མཁན་གྱི་བོད་མི་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ངལ་དང་ཐུགས་རེ་ཡིད་ལ་དྲན་བཞིན་གནས་ཚུལ་འདིའི་རིགས་ལ་ཐུགས་སྣང་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ལ། འགོ་ཁྲིད་ཚོས་བྱེད་སྟངས་འདི་ལ་བལྟས་ན་བོད་འདི་ཇི་ལྟར་ཡར་རྒྱས་འགྲོ་གི་རེད་ཅེས་དྲི་བ་ཞིག་ཀྱང་རང་གིས་རང་ལ་གཏོང་བཞིན་ཡིག་ཐུང་འདི་མཇུག་བསྡུ་གི་ཡོད།