སྙན་ངག་གྱེར་འདོན་དང་དེའི་སྐོར་གྱི་ཚོར་ཤུགས།
ཟླ་འདིའི་ཚེས་༡༠་ཉིན་ན་གཞོན་རྩོམ་པ་པོ་གཉན་པོ་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་གཉིས་ཀྱི་བཀོད་སྒྲིག་འོག་ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་སྙན་ངག་གི་མཆོད་པ་འབུལ་བ་ཞེས་པའི་སྙན་ངག་གྱེར་འདོད་གྱི་འདུ་འཛོམས་ཤིག་ནོར་གླིང་མཐོ་སློབ་ནང་བསྡུས་ཡོད་པ་དང༌། ཉིན་དེར་སྙན་ངག་པ་རྣམས་ཀྱིས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག་བཅུ་ཕྲག་ལྷག་གིས་ྋགོང་ས་མཆོག་ལ་སྙན་ངག་གི་མཆོད་པ་ཕུལ་ཞིང་དཀར་ཟས་རྐྱང་བར་རོལ་ཏེ་ཞི་བདེའི་དུས་དྲན་ཐེངས་ཉི་ཤུ་བ་དེ་རྣམ་པ་མི་འདྲ་བ་ཞིག་སྲུང་གཙི་བྱས་ཡོད་འདུག སྐབས་དེར་སྙན་ངག་པ་བེ་རུ་འཇིགས་མེད་དང༌། རྨོག་རུ་བསྟན་པ། ཨ་འཇམ། རས་པ། ན་རོ། སྤྲིན་དཀར། གཉན་མདང་ཕོ་ཉ། མེ་འོད། ཉི་ཟེར། ནོར་གླིང་མཐོ་སློབ་ཀྱི་བོན་རྒྱ་བློ་བཟང་བཀྲ་ཤིས་དང་རྫ་སྲས་བདེ་ཆེན། ཤེས་རབ་དགའ་ཚལ་གླིང་གི་སློབ་ཕྲུག་འབྲུག་འབུམ་དང་རྨོག་རུ་ཤེས་རབ་རྡོ་རྗེ་སོགས་སྙན་ངག་པ་བཅོ་ལྔ་ཙམ་འདུ་འཛོམས་ཀྱིས་རང་རང་གི་རྩོམ་རིག་ཐད་ཀྱི་ལྟ་ཚལ་བརྗོད་ཡོད་པ་རེད། ཉིན་དེར་རྒན་རབས་སྙན་ངག་པ་བེ་རི་འཇིགས་མེད་ལགས་ཀྱིས་སྙན་ངག་ཟེར་བ་ནི། ཐོལ་བྱུང་གལ་ཆེན་པོ་རེད། འདི་ལྟར་སྙན་ངག་གྱེར་འདོན་བྱས་ཏེ་བོད་ཀྱི་གནས་སྟངས་དང་དུས་རབས་ཀྱི་གནས་སྟངས། སྐུ་མདུན་གྱི་མཛད་འཕྲིན། ཕྱི་རྒྱལ་མིས་ལྟ་སྟངས་སོགས་འུར་བརྒྱབ་ནས་ཆ་ཚང་ཡར་སྤུར་ཏེ་མི་སྐྱ་ཚོས་ཆང་འཐུང༌། གྲྭ་བ་ཚོས་ཁ་རྒྱགས་པ་འདྲ་བཤད་དེ་སེམས་པ་འཚུབ་པོ་དང་ཚོར་བ་ཁ་ཐུག་ཚ་བོ་ཚ་རྐྱང་ཆགས་དུས་སླ་ང་ནང་གི་འོ་མ་འཕྱུར་བ་བཞིན་སྙན་ངག་ཡོང་བ་ཞིག་ཡོད་པ་རེད། རབ་དང་པོའི་ཐོལ་བྱུང་སྙན་ངག་ཟེར་བ་དེ་རེད། དཔེར་ན། སྤྱི་ལོ་༡༩༩༥ལོའི་ཟླ༠༥ཚེས་༡༨ཉིན་ཨ་མྱེ་རྨ་ཆེན་རྩོམ་པ་པོ་ཚོགས་ཆེན་མཇུག་བསྡོམས་སྐབས་རཀ་ར་རིན་པོ་ཆེས་ཆིགས་བཅད་སྙན་ངག་ཁ་ཤས་བྲིས་ནས་བསྐྱོར་གནངས་སོང༌། དེ་ནས་ལྷ་མོ་སྐྱབས་ཁ་ཐུག་ཡར་ལངས་སྟེ་ནག་པང་སྟེང་གི་དབུ་ཁྱུད་ལ་མཛུབ་མོ་བཙུགས་ནས། འདི་ནི་ཞེས་སྙན་ངག་ཞིག་གྱེར་འདོན་བྱས་སོང༌། དེ་རྗེས་ཆུང་ཚེ་རིང་ཡར་ལངས་སྟེ་ཚོགས་ཁང་ནང་གི་དབུ་ཁྱུད་སྟེང་གི་ཁྲུང་ཁྲུང་གཉིས་ལ་བལྟས་ནས་ཁྲུང་ཁྲུང་ཟེར་བའི་སྙན་ངག་ཅིག་གྱེར་འདོན་བྱས་སོང༌། ངའི་མི་ཚེ་ནང་ལ་ཐོལ་བྱུང་ཟེར་བ་ནི་དེ་ལས་མཐོང་མ་མྱོང༌། ཐོལ་བྱུང་ནི་ཐོལ་བྱུང་རང་རེད། ཉིན་གཉིས་གསུམ་ཞིག་གི་བགྲོ་གླེང་དང་འབྲེལ་བ་ཡོད་པའི་རི་མོ་གཉིས་ཡོད་པ་དེ་གཉིས་ལ་བལྟས་ནས་ཐོལ་བྱུང་བྲིས་པ་རེད། ཅེས་དང༌། ཡང་ཁོང་གིས་གད་མོ་དང་བཅས་ང་ཚོས་འདིར་དང་པོ་བྲིས་ཏེ་རྗེས་སུ་གྱེར་འདོན་བྱས་པ་དེ་ཡང་ཐོལ་བྱུང་ཕུན་སུམ་ཚོགས་པ་ཆགས་ཀྱི་ཡོད་པ་རེད་ཅེས་དང༌། མཇུག་ཏུ་ཁོང་འདི་ལྟར་རྩོམ་རིག་ལ་མོས་པ་ཅན་དང་དང་མཉམ་དུ་འཛོམས་པར་སྙིང་ནས་དགའ་བོ་ཡོད་པ་དང་ཕན་ཚུན་གློག་འཕྲིན་དང་ཁ་པར་ཨང་གྲངས་བསྐུར་རོགས་དང༌། རྗེས་ནས་ང་ཚོ་ཡང་ཡང་འཛོམས་ཐུབ་ཀྱི་རེད་ལ། སྟབས་ཡག་པོ་བྱུང་ན་མིང་ཆེན་པོ་མེད་ནའང་རྩོམ་རིག་གི་གནད་འགག་ཆེན་པོ་ཞིག་ཆགས་སྲིད་ཀྱི་རེད། དེ་ཚང་མས་མ་བརྗེད་པ་གནང་རོགས་ཞེས་ནན་ཏན་གསུངས། ཡང་སྙན་ངག་པ་ན་རོ་ལགས་ཀྱིས་ལབ་བརྒྱབས་ནི་མིན། ང་ནི་མིའི་ནང་གི་མི་རང་བྱུང་འདྲ་ཞིག་ཡོད་པ་རེད། སེམས་ལ་བསམས་པ་དེའི་སྟེང་ལ་སྤྱི་ཚོགས་ནང་ནས་བདའ་རྒྱུ་ཡིན་ཟེར་ནའང་འདྲ། ཅིག་གིས་གསོད་རྒྱུ་ཡིན་ཟེར་ནའང་དེའི་སྟེང་ལ་གོམ་པ་མ་སྤོས་ཐབས་མེད་པ་དེ་འདྲ་ཞིག་ཡིན། སྤྱིར་སྙན་ངག་ལ་སྦྱངས་པ་དམིགས་བསལ་བྱས་མ་མྱོང༌། སྦྱངས་ན་ལོས་ཤེས་བསམས་ཀྱིན་འདུག སྙན་ངག་ལ་རང་བྱུང་དགོས་ནི་རེད་ཟེར་གྱིན་འདུག རྒན་འཇིགས་མེད་ཀྱི་བསམ་ཚུལ་ལྟར་ན། བཟི་རྗེས་སྙན་ངག་འབྲི་དགོས་གསུངས་ཀྱིན་འདུག དེར་ང་་འཐད་པ་མེད། བཟི་རྗེས་སྙན་ངག་འབྲི་་བ་དང༌། བཟི་རྗེས་རང་གཤིས་མངོན་པ་ནི་མི་ཞིག་གི་རང་གཤིས་རྩ་བ་ནས་མངོན་མ་ཐུབ་པ་དང༌། སྤྱི་ཚོགས་ཤིག་གི་གནོད་ཤུགས་ཡིན་ནའང་འདྲ། འཕྲད་ཀྱི་རྐྱེན་གཞན་ཞིག་གི་སྟེང་ནས་རང་གཤིས་མངོན་མ་ཐུབ་པར་འགེབས་སྲུང་བྱས་ཡོད་པ་ནི་ས་ཆ་བཀང་ཐབས་ལྟ་བུ་ཞིག་རེད། སྒྱུ་རྩལ་བརྩམས་ཅོས་སྟེང་ལ་ང་རང་དམིགས་བསལ་ལྟ་ཚུལ་མེད། མྱོང་རོལ་བྱས་རྗེས་ཉམས་མྱོང་གི་བཟི་དགོས་པ་ལས་ཆང་གིས་བཟི་དགོས་ཟེར་ན་ང་འཐད་པ་མེད། ཅེས་དང༌།ན་གཞོན་སྙན་ངག་པ་སྤྲིན་དཀར་ལགས་ཀྱིས་ངའི་བསམ་ཚུལ་ལ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་སུ་འང་སྙན་ངག་འབྲི་མཁན་མང་བོ་ཡོད་པ་རེད། ཡིན་ན་ཡང༌། བོད་ཕྱི་ནང་གཉིས་བསྡུར་ན་ང་ཚོའི་སྙནག་ངག་གི་སྤུས་ཀ་ཧ་ཅང་སྐྱོ་བོ་རེད། དེ་བས་རྩོམ་པ་པོ་སུ་ཞིག་ཡིན་ན་རང་རང་གི་ལམ་ཁར་འགན་ཁུར་ཏེ་བླང་དོར་ཡོད་པའི་སྒོ་ནས་འཇུག་རྒྱུ་གལ་ཆེན་རེད་བསམ་ཡོད། ད་དུང་བཙན་བྱོལ་ཁྲོད་ནས་མི་མང་བོ་ཞིག་གིས་ལས་ཀ་མང་བོ་ཞིག་འགོ་འཛུགས་ཀི་རེད། ཡིན་ནའང༌། མཇུག་སྐྱོང་མཁན་ཁག་པོ་རེད། ཟླ་བ་གཅིག་དང་ལོ་གཅིག་དེ་འདྲའི་རྗེས་ལ་རྒྱུན་ཆད་འགྲོ་གིན་འདུག དེ་བས་མི་སྒེར་བ་དང་ཤེས་ཡོན་པའི་སྡེ། ཡང་ན་ཚོགས་པ་དང་ལས་རིགས་གང་ཞིག་ཡིན་རུང་མུ་མཐུད་དེ་རྒྱུན་སྐྱོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱིན་འདུག་ཅེས་དང་ནོར་གླིང་མཐོ་སློབ་ཀྱི་སློབ་བུ་བོན་རྒྱ་བློ་བཟང་བཀྲ་ཤིས་ལགས་ཀྱིས་དེ་རིང་གི་ཤེས་ཡོན་གྱི་བྱ་འགུལ་འདི་འདྲ་མ་འོངས་པར་སྤེལ་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་བསམ་གྱིན་འདུག དེ་རིང་འདིར་སྙན་ངག་པ་མང་པོ་ཡོད་པ་རེད། མ་འོངས་པ་ཡིན་ནའང་འགན་གཙོ་ལེན་གྱིས་ལས་འགུལ་འདི་འདྲ་སྤེལ་བ་ཡིན་ན་སྙན་ངག་ལ་དོ་སྣང་ཡོད་མཁན་དང་རྩོམ་རིག་ལ་དགའ་སྣང་ཡོད་མཁན་དེ་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད་ས་རེད། བཙན་བྱོལ་ལ་ཆ་བཞག་ན་རྩོམ་རིག་དང་སྙན་ངག་ལ་དོ་སྣང་ཡོད་མཁན་ཚང་མ་བོད་ནས་གསར་ཏུ་འབྱོར་བ་ཚོ་ཡིན་པ་འདྲ་ཞིག་མཐོང་གི་འདུག དེ་ཙམ་མིན་པར་ཚང་མས་འགན་མཉམ་ལེན་བྱས་ན་ཕན་ཐོགས་ཆེན་པོ་དང་ཡར་རྒྱས་མགྱོགས་པོ་ཡིན་རྒྱུ་རེད་ཅེས་དང་རྫ་སྲས་བདེ་ཆེན་ལགས་ཀྱིས་ངས་རྟག་པར་བསམ་བསྡད་པ་ཞིག་ལ་ག་རེ་ཡོད་ཟེར་ན་ བོད་ནང་གི་དེ་ཚོ་ལ་མ་འདྲ་བ་ཞིག་ལ་ང་ཚོ་ཕྱི་ཕྱོགས་ན་ཡོད་པའི་རྩོམ་པ་པོའམ་ཡང་རྩོམ་རིག་ལ་དགའ་མཁན་དག་བསྡུར་བ་ཡིན་ན་ཁྱད་པར་ཧ་ཅང་ཆེན་པོ་རེད་བསམ་གྱིན་ཡོད། ཁྱད་པར་དེ་ཐོག་མར་ཇི་ལྟར་བྱུང་བ་རེད་ཟེར་ན། དང་བོ་རྩོམ་རིག་ལ་འཇུག་མཁན་དང་རྩོམ་རིག་གི་སྦྱོང་བརྡར་སྐབས་སུ་དུས་དེབ་དང་ཚགས་པར་ཚད་ལྡན་ནམ་ཡང་ན་རྩོམ་ཡིག་ཚད་ལྡན་མང་བོ་ཞིག་མིག་དཔེར་ལྟ་ས་མེད་པ་ཚད་གཞི་ལྡན་པའི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་རང་གི་རྩོམ་ཡིག་བཀོད་དང་མ་བཀོད་ཀྱི་གཞི་ཚད་འཛིན་ས་དེ་འདྲ་མེད་པའི་དཀའ་ངལ་ཞིག་ཡོད་བསྡད་ཡོད་པ་རེད། རྩོམ་རིག་གི་སྦྱོང་བརྡར་གྱི་རིམ་པ་དེ་གང་འཚམ་སོང་ཚར་བ་ཚོ་སླེབས་ས་དང༌། ཡང་ན་འགྲན་སློང་རང་བཞིན་ཅན་དང་རྩོམ་རིག་གི་ཁ་ཕྱོགས་གསར་བར་ཕྱོགས་པ་དེ་འདྲའི་དུས་དེབ་དང་ཚགས་ཤོག་དེ་འདྲ་ཡོང་གི་མེད་དུས་དེ་ཡང་དཀའ་ངལ་གཅིག་རེད། གལ་སྲིད་མི་གཅིག་གིས་ཟླ་བ་གཅིག་དང་ལོ་གཅིག་ལྟ་བུར་དེ་འདྲ་བཏོན་པ་ཡིན་ན་ཡང་མགྱོགས་པོ་ཆད་འགྲོ་བ་དེ་འདྲ་རེད་འདུག དེ་རིང་འདིར་འཛོམས་པ་ཚང་མ་རྩོམ་རིག་གི་སྟེང་དགའ་ཞེན་ཡོད་པ་དང༌། ལྷག་བསམ་རྣམ་དག་བཟུང་བསྡད་ཡོད་པ། ཁ་ཕྱོགས་དང་ཆོད་སེམས་བརྟན་པོ་ཡོད་མཁན་རྐྱང་བ་ཞིག་འཛོམས་བསྡད་ཡོད་ཙང༌། དུས་རྒྱུན་འདི་འདྲའི་སྟེང་ལ་སེམས་ཤུགས་ཡོད་མཁན་དང༌། རྒྱུ་ཡོད་མཁན། ལྷག་བསམ་ཡོད་མཁན་དེ་དག་མཉམ་རུབ་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན་བོད་ནང་ལ་མཚོན་ན་སྦྲང་ཆར་དང་གངས་རྒྱན་མེ་ཏོག་གཉིས་གཙོ་བོར་གྱུར་བའི་ཚད་གཞི་མཐོན་པོ་ཅན་ཡོད་པ་རེད། དེ་དག་གིས་དངོས་གནས་རྩོམ་རིག་ཡར་རྒྱས་འགྲོ་བ་ལ་སྐུལ་འདེད་ཆེན་པོ་བྱེད་ཐུབ་ཀྱིན་ཡོད་པ་རེད། སྔོན་མ་སྦྲང་ཆར་རྩོམ་སྒྲིག་ཁང་ལྟ་བུ་ལ་རྩོམ་ཡིག་བསྐུར་ནས་མ་བཀོད་པ་དེ་མང་བོ་ཞིག་ཡོད་པ་དཔེར་བྲིས་མི་ཚར་བའི་ཁྱུང་ཐར་རྒྱལ་ཟེར་བ་ཞིག་ངས་གོ་མྱོང་ཡོད། དེ་བས་གསར་རྩོམ་པ་མང་བོ་ཞིག་གིས་དུས་དེབ་ནང་དུ་རྩོམ་ཨེ་ཁོད་ཀྱི་ཧམ་སེམས་དང་བཀོད་ཚེ་དགའ་སྣང་ཡོད་པ་རེད། དེ་དག་ནི་ད་གཟོད་རྩོམ་རིག་ཡར་རྒྱས་སུ་འགྲོ་བའི་རྨང་གཞི་ལྟ་བུར་འདོད་པ་ཡིན། དེ་མིན་རྩོམ་རིག་གི་ཁ་ཕྱོགས་འདི་འདྲ་དགོས་པ་རེད་ཅེས་བཙན་བྱོལ་གྱི་རྩོམ་རིག་འདི་ཟེར་བ་ཞིག་མེད་དུས་བཤད་རྒྱུ་དཀའ་མོ་རེད། རྩོམ་རིག་ཟེར་བ་དེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ཙང་དེ་ལ་འབད་འབུངས་བྱེད་པའི་སེམས་ཤུགས་དང་གཞན་ཚང་མས་རྩོམ་རིག་ལ་དགའ་སྣང་འབྱུང་སའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱིན་ཡོད་ཅེས་རྩོམ་པ་པོ་རྣམས་ཀྱིས་རང་རང་གི་ལྟ་ཚུལ་བརྗོད་ཡོད་པ་རེད།
གསར་འགྱུར་མཁོ་གཏོང་བ་གཉན་པོ་དང་བོན་རྒྱ།
