༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།
ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་ལྷོ་ཕྱོགས་གྷུལ་པར་ས་གནས་སུ་ྋགོང་ས་མཆོག་གིས་༥༠༠༠ ལྷག་ལ་བཀའ་སློབ་བསྩལ་དོན། རྒྱ་རིགས་ནང་ཆོས་ཁས་ལེན་མཁན་ཞིག་ཡིན་ཡང་རྒྱ་མིའི་དཔོན་རིགས་རྣམས་ནང་ཆོས་ཐོག་ཡིད་ཆེས་ཡོད་མ་རེད། དེང་སང་ལུང་པ་མང་པོས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་དམིགས་བསལ་ནུབ་ཕྱོགས་པ་ཚོས་ཀྱང་ནང་ཆོས་ཉམས་ལེན་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ཡང་བོད་པའི་སྲོལ་རྒྱུན་གྱི་ནང་ཆོས་དེ་གཞིར་བཞག་ཐོག་ནང་ཆོས་ཉམས་ལེན་བྱ་རྒྱུར་ནུབ་ཕྱོགས་པ་ཚོས་ཀྱང་དེང་སང་དོ་སྣང་ཆེན་པོ་བྱེད་ཀྱི་སྐོར་དང།
ཁོར་ཡུག་སྐོར་བཀའ་སློབ་སྩལ་དོན། གོ་ལའི་ཚ་དྲོད་མ་ཤེས་པའི་དབང་གི་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་ཡོང་གི་ཡོད། ནང་ཆོས་དང་ཚན་རིག་དབར་འབྲེལ་བ་ཆེན་པོ་ཡོད་པ་རེད། ནང་ཆོས་དང་ཚན་རིག་གཉིས་ནི་ཐ་དད་མིན། དེང་དུས་ཚན་རིག་ནི་ནང་ཆོས་ཀྱི་ཆ་ཤས་ཡིན་པ་དང༌། ནང་ཆོས་ལ་ཆ་གསུམ་དུ་འབྱེད་ཀྱི་ཡོད། དེ་དག་ནི་ནང་པའི་ཚན་རིག་དང༌། ནང་པའི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་བཅས་ཡིན། ནང་ཆོས་ནི་ཆོས་ལུགས་ཚང་མའི་ནང་ནས་རྩེ་ཕུད་དེ་ཡིན་ཞེས་བརྗོད་ཀྱི་མེད། ཆོས་ལུགས་སོ་སོའི་ལྟ་གྲུབ་དང་སྲོལ་རྒྱུན་ཐ་དད་རེད། དེར་བརྟེན་ཆོས་ལུགས་བརྗེ་བསྒྱུར་བྱ་རྒྱུ་དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་ཡིན་དུས་ངོས་ནས་དུས་རྟག་ཏུ་སོ་སོའི་ཆོས་ལུགས་རང་ལ་གནས་ཐུབ་ན་ཡག་པོ་ཡོད་རེད་བརྗོད་ཀྱི་ཡོད། ཡིན་ཡང་སངས་རྒྱས་ཀྱི་ཆོས་དེ་སྦྱོང་རྒྱུའི་ཆེད་ནང་ཆོས་ཀྱི་རྩ་བའི་ལྟ་གྲུབ་དེ་ངེས་པར་དུ་ཤེས་པ་བྱེད་དགོས། ནང་ཆོས་ཀྱི་ལྟ་གྲུབ་ནི་འཇིག་རྟེན་གྱི་ཡ་རབས་སྤྱོད་ཚུལ་གཞི་ལ་བཞག་ཡོད་པ་རེད་ཅེས་གསུངས་ཡོད་འདུག
དེ་བཞིན་སྐབས་དེར་ྋགོང་ས་མཆོག་གིས་ངལ་རྩོལ་བློན་ཆེན་སྐུ་ཞབས་M. Mallikarjun Kharge མཆོག་ལ་ས་གནས་དེར་ནང་ཆོས་སློབ་སྦྱོང་བྱེད་སའི་སྡེ་ཚན་ཞིག་གསར་འཛུགས་གནང་རྒྱུའི་འབོད་སྐུལ་ཡང་མཛད་ཡོད། མངའ་སྡེ་དེའི་ནང་ཉིན་གཉིས་ཀྱི་མཛད་འཕྲིན་ཁག་གྲུབ་རྗེས་མཁའ་ལམ་བརྒྱུད་དྷི་ལིར་ཆིབས་ཞལ་བསྒྱུར༌། ཕྱི་ཚེས་༢༡ ཉིན་བཞུགས་སྒར་དུ་ྋཞབས་སོར་བདེ་བར་འཁོད་ཡོད་པ་རེད་ཅེས་བཙན་བྱོལ་བོད་གཞུང་དྲ་གནས་སུ་གནས་ཚུལ་སྤེལ་འདུག །