བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས།
ཐེངས་འདིའི་སྨོན་ལམ་ཆེན་མོའི་སྐབས་འཛམ་གླིང་འདིའི་རྒྱལ་ཁབ་ལྔ་བཅུ་ང་ལྔ་ནས། དགོན་སྡེ་ཁག་བདུན་ཅུ་དོན་ལྔ་ཙམ་གྱི་གྲྭ་བཙུན་༤༠༠༠ ལྷག་ཙམ་དང་། མི་སྐྱ་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་མང་པོ་འཛོམས་འདུག
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་གྱི་སྔ་དྲོ་ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱལ་སའི་བྱང་ཆུབ་ཤིང་གི་མདུན་དུ། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས་བླ་སྤྲུལ་མཁན་ལས་ཟུར་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགོན་སྡེ་༧༥ ཙམ་གྱི་གྲྭ་བཙུན་སྟོང་ཕྲག་མང་པོ་འཛོམས་ནས། ཉིན་གྲངས་བརྒྱད་རིང་འཚོག་རྒྱུའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སོང་། ལོ་འདིའི་སྨོན་ལམ་ཆེན་མོ་དེ་དམིགས་སུ་བཀར་ནས་རྗེས་དྲན་བཞིའི་ཆེད་དུ་ཡིན་པ་དང་། དེ་ཡང་ཐུབ་པའི་དབང་པོའི་བཀའ་དྲིན་རྗེས་དྲན་དང་། ཕ་མའི་བཀའ་དྲིན། ཕ་ཡུལ་གྱི་བཀའ་དྲིན། ཁོར་ཡུག་གི་བཀའ་དྲིན་རྗེས་དྲན་བཅས་ཡིན་ཚུལ་བཀའ་བརྒྱུད་སྨོན་ལམ་ཚོགས་ཚུང་གི་དྲིལ་བསྒྲགས་འགན་འཛིན་མགོན་པོ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
སྔ་དྲོའི་ཕྱག་ཚོད་དགུ་པའི་བར་སེང་གི་རྗེས་ནས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། ལོ་གཉིས་གོང་ནས་དབུ་འཛུགས་གནང་ཟིན་པའི་མི་ལ་རས་པའི་གསུང་མགུར་འཕྲོ་ནས་གསུང་ཆོས་བཀའ་དྲིན་བསྐྱངས་སོང་བ་དང་། ཐེངས་འདིའི་སྨོན་ལམ་སྐབས་གསུང་མགུར་ཡོངས་རྫོགས་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་། དེ་བཞིན་གསུང་ཆོས་དང་སྨོན་ལམ་ལ་བསྟུན་ནས་རྒྱལ་ཁབ་༥༥ ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོ་ཕེབས་ཡོད་པར། སྐད་རིགས་མི་འདྲ་བ་བཅུའི་ཐོག་ནས་གསུང་བསྒྱུར་གོ་སྒྲིག་གནང་འདུག དགོང་དྲོ་བོད་གཞུང་ཟློས་གར་ནས་རྒྱལ་བ་ཀརྨ་པ་མཆོག་གིས་འཁྲབ་གཞུང་དང་འཁྲབ་འཁྲིད་མཛད་པའི་མི་ལ་རས་པའི་སྐོར་གྱི་འཁྲབ་སྟོན་ཞིག་མི་མང་ཡོངས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཡང་འདུག
ས་གནས་ནས་འདི་གའི་གསར་འགོད་པས།
