ལིའུ་ཞའོ་པོ་ལ་རྒྱ་གཞུང་གིས་མི་ལོ་༡༡ གི་ཁྲིམས་ཆད།

ཟླ་འདིའི་ཚེས་༢༣ ཉིན་པེ་ཅིང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཆུ་ཚོད་༢ ཙམ་རིང་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་སྐབས། ལིའུ་ཞའོ་པོ་ཡིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པ་ལས། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ལས་ཀ་གང་ཡང་བྱས་མེད་ཅེས་བརྗོད་ཡོད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང། རྒྱལ་ཁབ་ཁག་གིས་ལིའུ་ཞའོ་པོ་ཡིས་རྒྱ་ནག་རྒྱལ་ཁབ་དེ་ཉིད་ཕྱི་གསལ་ནང་གསལ་ཡོང་ཆེད་དུ་ཡིན་པ་ལས། ནག་ཉེས་གང་ཡང་མ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང། རྒྱ་གཞུང་གིས་ཁྲིམས་ཐག་བཅད་པ་དེ་འཕྲལ་དུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཡང་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ཡེ་ཤུའི་འཁྲུངས་སྐར་བསྟུན་ནས་ཁྲིམས་ཐག་བཅད་པ་དེ། དྲང་བདེན་ལ་དམའ་འབེབས་དང། རྒྱ་ནག་གཞུང་གིས་ཁྲིམས་ལུགས་ཁ་རུ་ཁྱེར་ནས་རྒྱ་གཞུང་དང་ལྟ་བ་མི་མཐུན་མཁན་གནོན་ཐབས་བྱས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
ལིའུ་ཞའོ་པོ་ནི་ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་སྐབས་མཉམ་ཞུགས་བྱས་རྐྱེན་ལོ་གཉིས་མ་ཟིན་ཙམ་རིང་བཙོན་དུ་བཅུག་མྱོང་ཡོད་པ་དང། ༡༩༩༦ ལོར་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་ལོ་གསུམ་རིང་བཏང་ཡོད་འདུག ལོ་སྔོན་མར་ལིའུ་ཞའོ་པོ་ཡིས་བརྩམས་པའི་རྩ་ཁྲིམས་ཀླད་ཀོར་བརྒྱད་ཅེས་པ་འདོན་སྤེལ་མ་བྱས་པའི་ཉིན་གཅིག་གོང་དུ་གློ་བུར་དུ་འཛིན་བཟུང་བྱས་ནས་ད་བར་བཙོན་འཇུག་བཀག་ཉར་བྱས་པ་ཞིག་རེད།།