བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ།

སྤྱི་འཐུས་ཚོགས་གཙོ་གཙོས་སྤྱི་འཐུས་རྣམ་པ།  ཁྲིམས་ཞིབ་པ་ཆེ་བ་གཙོས་ཁྲིམས་ཞིབ་པ་རྣམ་པ། གཞན་ཡང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། ཕྱོགས་གང་ས་ནས་ཕེབས་པའི་སློབ་གྲྭ་ཁག་གི་འགན་འཛིན་དང། སློབ་སྤྱི། དགེ་ཆེ། མཁས་དབང་ཁག་ཅིག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་སོང།
ཐོག་མར་ཚོགས་འདུའི་གཙོ་མགོན་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང། དེ་ནས་ཚོགས་བཅར་བ་རྣམས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་བྱས་རྗེས། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་བ་དང། དེ་ནས་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཤེས་ཡོན་གྱི་གནས་བབས་དང་ལས་དོན་སྙན་ཐོ་སྙན་སྒྲོན། རིམ་བཞིན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང། དེ་རྗེས་༸གོང་ས་མཆོག་ནས་ཤེས་རིག་ཚོགས་ཆེན་གྱི་དབུ་འབྱེད་ཀྱི་བཀའ་སློབ་ལམ་སྟོན་གནང་རྗེས། ཤེས་རིག་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་ལེགས་འགྲུབ་བྱུང་སོང།
ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་གཞི་ཁག་ནི། ༡ སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྤེལ་གནང་ཕྱོགས་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་གྲོས་བསྡུར་གནང་རྒྱུ། ༢ སློབ་གྲྭ་ཁག་ཏུ་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་ཚན་ཁག་སློབ་འཁྲིད་གནང་ཕྱོགས་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་གྲོས་བསྡུར་གནང་རྒྱུ། ༣ སློབ་གྲྭ་ཁག་ཏུ་ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་སྲུང་སྐྱོབ་གནང་ཕྱོགས་གང་ཅི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེང་རབས་གོང་མའི་རྒྱལ་སྤྱིའི་ལྟ་གྲུབ་ལམ་སྲོལ་དང་མི་འགལ་བར་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་གྲོས་བསྡུར་གནང་རྒྱུ། ༤ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་དེང་ལུགས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་སྤེལ་ཐབས་དང་ཁྱད་མཁས་མི་སྣ་གསོ་སྐྱོང་གནང་ཕྱོགས་ཇི་དགེ་གྲོས་བསྡུར་གནང་རྒྱུ་བཅས་ཡིན་པ་རེད།sheyrig tsokchen_2
ཉིན་དང་པོར་བཀའ་བློན་ཁྲི་པ་མཆོག་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་སྟངས་སྤྱི་དང། ཁྱད་པར་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་གི་ཐོག་བཀའ་ཤག་གི་ལམ་སྟོན་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་དང། ཕྱི་ལོ་༢༠༠༣ ལོར་འཚོགས་པའི་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་དང། ཕྱི་ལོ་༢༠༠༥ ལོར་འཚོགས་པའི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་ཆེན་བཅས་ཀྱི་གྲོས་ཆོད་དང་དགོངས་འཆར་ཁག་ལག་བསྟར་ཇི་ཞུས་སྐོར་སྙན་ཐོ་སྒྲོག་སྦྱངས་དང་དོགས་འདྲི་དང། ཤེས་རིགས་ཚོགས་ཆེན་ཐེངས་ལྔ་པའི་གྲོས་གཞིའི་དོན་ཚན་ཁག་དང་ཚོགས་ཆུང་གི་ལས་དོན་བྱ་ཕྱོགས་ངོ་སྤྲོད་བཅས་གནང་ཡོད་པ་རེད།
ཉིན་གཉིས་པར་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་ཚོགས་འདུ་འཚོག་རྒྱུ་དང། ཉིན་གསུམ་པར་ཚོགས་ཆུང་སོ་སོའི་གྲོས་ཆོད་ཁག་སྙན་སྒྲོན་དང། ཚོགས་ཆུང་ཁག་གི་གྲོས་ཆོད་རྣམས་མང་མོས་ཀྱིས་ཕྱོགས་བསྡོམས་བྱས་རྗེས། ཚོགས་ཆེན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ་དང། མཐའ་མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་གྱི་མཐའ་བསྡོམས་གསུང་བཤད་གནང་རྒྱུ། དགོང་བྲོ་ཤེས་རིག་ལས་ཁུངས་ཀྱིས་ཚོགས་བཅར་བ་ཡོངས་ལ་གཞུང་འབྲེལ་གསོལ་སྟོན་བཤམས་ནས་ཚོགས་ཆེན་གྲོལ་རྒྱུ་ཡིན་པ་རེད།།