ལོ་གསར་གྱི་གྲོས་ཆོད།
དེ་སྔོན་ང་རང་གཞི་རིམ་སློབ་གྲྭར་ཡོད་པའི་སྐབས་ལོ་གསར་པ་རེ་སླེབས་དུས། རང་ཉིད་ཀྱི་འདས་ཟིན་པའི་བྱ་གཞག་ལ་ཕྱིར་བལྟས་རེ་དང་། འབྱུང་འགྱུར་གྱི་ལོ་གསར་པའི་ནང་བསམ་གཞིགས་རེས། གནམ་ལོ་གསར་པའི་ཚེས་དང་པོ་ནས་བཟུང་ནས་བསམ་བློ་དང་ཀུན་སྤྱོད་ལ་སྙིགས་དོར་བཅུད་ལེན་ཞེས་པའི་དཔེ་ལྟར་བླང་དོར་ཕྱིན་ཅི་མ་ལོག་པའི་ལམ་ནས་མདུན་སྐྱོད་ཀྱི་གོམ་སྟབས་ལ་ནུས་ཤུགས་གསར་པ་ཞིག་ཡོང་ཐབས་ལ་འབད་ཀྱི་ཡོད། དེའི་སྐབས་ངའི་སློབ་གྲོགས་ཕལ་ཆེར་བར་ཐུན་མོང་གི་གཤིས་ཀ་ཞིག་ཡོད་པ་ནི། ལོ་གསར་པའི་ནང་རང་གིས་རང་ལ་གྲོས་ཆོད་ཅིག་འཇོག་ཀྱི་ཡོད། དེ་ལ་ང་ཚོས་ལོ་གསར་པའི་གྲོས་ཆོད་ཟེར་བ་དང་། དགེ་རྒན་རྣམས་ཀྱིས་ཀྱང་དེར་དྲན་གསོ་དང་སློབ་སྟོན་གནང་གི་ཡོད།
ངས་གསལ་ཤོས་དྲན་པ་ཞིག་ལ། ངའི་རྒན་ལགས་ཤིག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ན་སྲིད་ཇུས་གསར་པ་གཏན་འབེབས་བྱེད་དགོས་པ་བཞིན། རང་ཉིད་སྒེར་གྱིས་ཀྱང་སོ་སོའི་མི་གཞི་ཡར་རྒྱས་དང་། ཕུགས་བསམ་ལེགས་འགྲུབ་ཡོང་སླད་ཆོད་སེམས་གཏན་པོས། རང་ཉིད་དང་འཚམ་པའི་ཡར་རྒྱས་རེ་གཏོང་བའི་དམིགས་ཡུལ་རེ་འཛིན་པ་དང་། དེ་སྒྲུབ་པའི་དམ་བཅའ་རེ་འཇོག་དགོས་པ་གལ་ཆེན་ཡིན། དེར་དུས་ཚོད་ཡག་ཤོས་ཤིག་ནི་ལོ་གསར་པ་འགོ་ཚུགས་སྐབས་རེད་ཅེས་གསུངས་མྱོང་ཡོད།
སྤྱིར་ལོ་གསར་གྱི་གྲོས་ཆོད་ཟེར་བའི་ཐད་སློབ་གྲོགས་འགས་བརྗོད་ན། ལོ་གསར་པའི་གྲོད་ཆོད་ཟེར་བ་དེ་ཕན་ཐོགས་མེད་པ་ཞིག་རེད་འདུག དེས་རང་ཉིད་ཡར་རྒྱས་ཡོང་རྒྱུར་ཕན་འབྲས་གང་ཡང་བྱུང་མ་སོང་། ད་ངས་རང་གིས་རང་ལ་དཀའ་ངལ་བཟོ་ཡི་མིན་ཞེས་དང་། ཡང་ཁག་ཅིག་གིས་གྲོས་ཆོད་འདི་ནི་ནུབ་ཕྱོགས་པའི་བྱབས་ཆུང་གི་ལྟ་བ་རེད། ང་འདི་ལ་ཡིད་ཆེས་མེད་ཞེས་དང་། ཁག་ཅིག་གིས་ངས་ན་ནིང་རང་གི་གྲོས་ཆོད་རྣམས་ཚང་མ་ཇི་བཞིན་ལག་ལེན་མ་ཐུབ་ཀྱང་། ད་ལྟ་ཕྱིར་ལྟ་ཞིག་བྱེད་སྐབས་དངོས་ཤུགས་བརྒྱུད་གསུམ་ནས་འགྱུར་བ་ཆེན་པོ་ཐོན་བྱུང་ཞེས་སོགས་བརྗོད་མཁན་རིགས་སྣ་ཚོགས་ཡོད།
རང་ཉིད་ལ་མཚོན་ན། དོན་ཆེན་སྒྲུབ་པར་ངང་རིང་དགོས་ཞེས་པ་ལྟར། ཕུགས་འདུན་གྱི་ལས་དོན་ཆེན་པོ་ཞིག་བསྒྲུབ་དགོས་ན་ལོ་གཅིག་ནང་འགྲུབ་ཐབས་དཀའ་ ན་ཡང་། བསམ་བློ་དང་སྤྱོད་པ་ཆུང་ཚགས་རིགས་ལ་འགྱུར་བ་གཏོང་རྒྱུ་དང་། འཕྲལ་དུ་སྒྲུབ་དགོས་པའི་ལས་དོན་དག་ལ་ལོ་གསར་འགོ་ཚུགས་པ་དང་འཆར་གཞི་གསར་པ་ ཞིག་གི་སྒང་ལ་ནུས་པ་གསར་པ་ཞིག་གིས་བསྒྲུབ་ན་གནད་སྨིན་ཡོང་གི་འདུག
དཔེ་མཚོན་ཙམ་ཞིག་བརྗོད་ན། ང་རང་གཞི་རིམ་འཛིན་གྲྭ་བཅུ་གཅིག་གི་དགུན་ཁའི་གུང་སེང་སྐབས་སེམས་ཐག་གཙང་བཅད་ ཀྱིས་མི་ཚེའི་ནང་ཐ་མག་ནམ་ཡང་མི་འཐེན་པའི་ལོ་གསར་གྱི་གྲོས་ཆོད་ཅིག་བཞག་ཅིང་། ད་ལྟ་བགྲང་བྱ་འགའ་ཤས་ཤིག་གི་རྗེས་འདས་དོན་ལ་ཁྱུག་ཙམ་ལྟ་སྐབས། དེང་སང་ཐ་མག་འཐེན་མི་ཆོག་པའི་རྒྱལ་ཁབ་ཀྱི་ཁྲིམས་གཞི་གསར་པ་འདིའི་ཐད་དཀའ་ངལ་མྱོང་མི་དགོས་པ་བྱུང་བ་དང་། འདི་ནི་སྐབས་དེའི་ཚེ་དེའི་དུས་ཀྱི་ཐག་གཅོད་ཆུང་ངུ་ཞིག་གིས་རྐྱེན་བྱས་ནས་གོམས་པའི་ཕན་རླབས་ཤིག་མ་རེད་དམ།
དེ་ལྟར་སུས་ཀྱང་བསྒྱུར་བཅོས་ཆུང་ངུ་རེ་ཙམ་ལས་སླ་པོར་གཏོང་ཐུབ།
ང་ཚོ་མི་སུ་ལའང་སྤྱོད་པ་བཟང་ངན་གྱི་ཆ་གཉིས་ཀ་ཡོད་ཅིང་། དེ་དག་ནི་ཐོག་མར་བསམ་བློ་ནས་ཡོང་བ་དང་། རིམ་པས་ལག་ལེན་ནས་གོམས་གཤིས་སུ་གྱུར། དེ་ནས་ཀུན་སྤྱོད་ཆགས་ཀྱི་ཡོད་པས། བསྒྱུར་བཅོས་བྱེད་དགོས་པའི་ཀུན་སྤྱོད་དེ་རིགས་དང་པོ་བསམ་བློ་ནས་འགོ་འཛུགས་དགོས་པ་ཀུན་གྱིས་ཤེས་གསལ་ཡིན་མོད། གོམ་པ་རེ་རེ་མ་སྤོས་ན། ལེ་དབར་ཁྲི་ཁྲག་ག་ལ་ཆོད་ཅེས་པའི་དཔེ་ཡོད།
མ་ཟད་ང་ཚོའི་དབྱིན་ཇིའི་དགེ་རྒན་ཞིག་གིས་ཉི་ཧོང་གི་མཁས་པ་ཞིག་གི་ལེགས་བཤད་ ལུང་དྲངས་ནས་གསུང་དོན། “ལེ་དབར་སྟོང་ཕྲག་དུ་མའི་འགྲུལ་བཞུད་དེ་གོམ་སྟབས་གཅིག་ནས་འགོ་འཛུགས་དགོས་ “ཞེས་བྱ་བ་གང་ཞིག་ཡིན་རུང་འགོ་ཆུང་ས་ཞིག་ནས་བརྩམ་དགོས་པའི་སློབ་གསོ་དང་ལམ་ སྟོན་གནང་གི་ཡོད་ལ། ཡང་ཁོང་གིས་”ལས་དོན་གང་ཞིག་འགོ་ལེགས་པོར་བཙུགས་པ་ནི་ལས་ཀ་ཕྱེད་ཀ་བསྒྲུབས་ ཟིན་པ་ལས་བཟང་”ཞེས་ཀྱང་གསུངས་མྱོང་།
བྱས་ཙང་རང་ཉིད་མི་བཟང་པོ་ཞིག་གམ་ཡང་ན་སོ་སོས་གང་འདོད་པའི་མི་དེ་ཆགས་དགོས་ན། བྱ་བ་དང་སྤྱོད་པ་ཆུང་ངུ་རེ་ནས་རིམ་བཞིན་བླང་དོར་བྱེད་དགོས་ཤིང་། བསམ་བློ་ཆུང་ངུ་རེ་ལ་དབྱེ་ཞིབ་ནན་མོ་རེ་བྱས་ནས་རླབས་ཆེན་གྱི་མི་གཞིའམ་དོན་ སྙིང་ལྡན་པའི་རིན་ཐང་སྐྲུན་དགོས་པ་རེད།
སྤྱིར་ལ་ལོ་གསར་ལ་ལྟ་ཚུལ་དང་དགའ་སྟོན་བྱེད་ལུགས་སོགས་མི་འདྲ་བ་ སྣ་ཚོགས་ཡོད་མོད། དེ་སྔོན་རང་ཉིད་བོད་ཀྱི་དཔེ་མཛོད་དུ་སློབ་སྦྱོང་བྱེད་སྐབས། དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྐབས་ཤིག་ཀུ་རེའི་ཚུལ་དུ་གསུང་དོན། ང་ཚོ་ཉིན་རེ་བཞིན་འཆི་བའི་ལམ་ཆེན་དུ་རྒྱུགས་ཤར་འགྲན་སྡུར་བྱེད་བཞིན་ཡོད་པ་ རེད་ཅེས་བརྗོད་མྱོང་། ཡང་ད་ནངས་ཞོག་པ་ལོ་གསར་སྐོར་ལ་ཁ་བརྡ་འདྲ་བྱེད་བཞིན་བསྡད་པས། གྲོགས་པོ་ཞིག་གིས་ད་འཆི་བ་ལ་ལོ་གཅིག་ཉེ་རུ་ཕྱིན་སོང་ཞེས་བརྗོད་སོང་།
དེ་དག་གི་དོན་ལ་བསམ་ཐེངས་ཤིག་གིས་རང་ཉིད་འཇིག་རྟེན་འདིར་ཇི་ཙམ་འཚོ་བའི་རིང་ ལ་གང་ཐུབ་ཐུབ་ཀྱི་མི་ངོ་མ་ཞིག་བྱེད་དགོས་པ་གལ་ཆེན་དུ་མཐོང་ཞིང་། ཆོས་ཕྱོགས་ནས་དལ་འབྱོར་མི་ལུས་འདི་གལ་ཆེན་ཡིན་ཞེས་པར་དྲན་གསོ་ཞིག་དང་བག་ཆགས་ཤིག་གིས་ལོ་གསར་པར་གྲོས་ཆོད་ཅིག་འཇོག་བསམ་བྱུང་།
དེ་ལྟར་ནའང་། རང་ཉིད་ལ་མཚོན་ན་སྔོན་སློབ་གྲྭར་སྡོད་སྐབས་ཀྱི་གྲོས་གཞི་དང་། ད་ལྟའི་གྲོས་གཞི་གཉིས་བར་ལ་འགྱུར་བ་ཆེན་པོ་གཏོང་དགོས་པ་མཐོང་། རྒྱུ་མཚན་ནི་སྔོན་མར་མཚོན་ན་སློབ་གྲྭའི་སློབ་གཞི་དང་སྒྲིག་འཛུགས་ལ་བསྟུན་ནས་ཡར་རྒྱས་ཀྱི་གྲོས་ཆོད་འཇོག་ཀྱི་ཡོད་མོད། ད་ལྟ་སྤྱི་ཚོགས་དང་འགན་ཁུར་ལ་གཞིགས་ནས་གྲོས་ཆོད་གཏན་འབེབས་བྱེད་དགོས་ངེས་ཞིག་ཆགས་འདུག།
དེ་ལྟར་གལ་སྲིད་ཁྱེད་ཀྱིས་ཀྱང་ལོ་གསར་གྱི་མི་གསར་ཞིག་བྱེད་དགོས་དགོངས་ན། རྩ་བའི་ཆ་ནས་གང་ཟག་སོ་སོར་བསམ་བློ་དང་། ཀུན་སྤྱོད། དགོས་མཁོ། དེ་བཞིན་ལངས་ཕྱོགས་སོགས་མི་འདྲ་བ་སྣ་ཚོགས་པ་ཡོད་ནའང་། རང་དབང་དང་བདེ་སྐྱིད་ནི་ཀུན་གྱི་རྩ་དོན་ཡིན་པས། དེ་ལས་མི་འགལ་བའི་གྲོས་གཞི་གཏན་འབེབས་བྱེད་རྒྱུ་མེད་དུ་མི་རུང་བ་ཞིག་ཡིན།
ད་དུང་ཞི་བ་ལྷས། གོམས་ནས་སླ་བར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུང་པ་ལྟར་ལོ་གསར་པའི་ནང་རང་གིས་བཞག་པའི་གྲོས་ཆོད་ཀྱི་དོན་ཚན་གང་དག་ལ་ དུས་ནས་དུས་སུ་རང་རྒྱུད་དུ་གོམས་པའི་དྲན་པ་དང་ཤེས་བཞིན་བསྟེན་ཐུབ་པར་བྱེད་གལ་ཆེ།
གང་ལྟར་ང་ཚོས་ངེས་པར་དུ་བརྗེད་མི་ཉན་པ་ནི་སྤྱི་ལུགས་སམ་བོད་ལུགས་གང་ཡིན་ཡང་། ལོ་གསར་ཞེས་པ་ནི་སྐྱིད་པོ་གཏོང་བའི་དུས་སྐབས་ཐུང་ངུ་ཙམ་ཞིག་དུ་མི་སེམས་པར། མི་རྙིང་པར་བསམ་བློ་གསར་པ་རེ་བཅུག་ནས་བྱ་བ་གསར་པ་ཞིག་གམ་ལང་ཕྱོགས་གསར་པ་ ཞིག་འགོ་བརྩམས་པའི་གོ་སྐབས་དང་དུས་ཚོད་གསར་པ་ཞིག་ཏུ་འདུ་ཤེས་འཛིན་དགོས་ལ། སྐབས་དེར་རང་གིས་རང་ལ་བསྐྱར་ཞིབ་གསར་པ་ཞིག་དང་། འཆར་གཞི་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་པའི་ཀྱོགས་མཚམས་ཤིག་ལ་ངོས་འཛིན་དགོས་ལ།
ལྷག་པར་དུ་དུས་སྐབས་དེ་ནས་འགོས་བཟུང་ནས་ཆུང་ས་ནས་རང་དང་། དེ་བཞིན་རང་དང་རིགས་མཐུན་ཚོར་སྤྲོ་སྐྱིད་ དང་། རང་དབང་། མཐུན་སྒྲིལ ཞི་བདེ་སོགས་ཀྱི་ཕྱོགས་སུ་སྐྱོད་པའི་ལོ་ཟླ་ཞིག་ཏུ་བསྒྱུར་ཐབས་བྱེད་དགོས།
དེ་ལྟར་ཁྱེད་ཀྱིས་ཀྱང་ཚོད་ལྟ་ཞིག་གནང་ན་ག་འདྲ་འདུག་གམ།།