འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རོགས།

གཞོན་ལྷན་གྱི་དབུས་རྒྱུན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་གང་སར་དྲག་གནོན་དམ་དྲག་བྱས་པ་དང། ཉེ་བའི་ཆར་ཁམས་ལི་ཐང་ཁུལ་གྱི་མི་མང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས་པའི་དགོས་འདུན་འདོན་སྐབས། རྒྱ་ནག་གཞུང་གིས་མི་མང་འཛིན་བཟུང་དང། དྲག་གནོན་བྱས་པར་ངོ་རྒོལ་ཡོད་པའི་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་རེད། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་དགོས་པ་དང། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས་པར་གྲོས་ཆོད་བཞག་པར་ལོ་གསར་པ་འདིའི་ནང་ལག་བསྟར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། སྐབས་དེར་གཞོན་ལྷན་གྱི་དབུས་རྒྱུན་ཚུལ་ཁྲིམས་རྡོ་རྗེ་དང། ལྷག་པ་ཚེ་རིང་གཉིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྡི་ལིའི་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་འབོད་འགུག་བྱས་པ་དང། རྒྱལ་ཚོགས་ཀྱི་འབྲེལ་མཐུད་འགན་འཛིན་གྱི་དྲུང་ཆེས་གཞོན་ལྷན་གྱི་འབོད་སྐུལ་ཡིག་ཆ་དེ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མར་ཕུལ་རྒྱུ་ཡིན་པ་དང། ཁྱེད་རང་ཚོས་རྒྱ་གར་ལ་འབོད་སྐུལ་གྱིས་རྒྱབ་སྐྱོར་ཡིག་ཆ་རྒྱལ་ཚོགས་ནང་འཁྱེར་ཐུབ་ན་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག གཞོན་ལྷན་གྱིས་དབུས་རྒྱུན་གཉིས་ཀྱིས་བོད་དོན་ཡིག་ཆ་ཁག་ཕུལ་བ་དང། བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྐྱོ་པོ་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ལས་འགུལ་དེའི་ནང་བོད་ཀྱི་མཐོ་རིམ་སློབ་མ་ལྔ་བཅུ་ཙམ་མཉམ་ཞུགས་བྱས་ཡོད་འདུག
དེ་བཞིན་ཉིན་དེར་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་དུ་ས་གནས་བོད་ཀྱི་གཞོན་ལྷན་དང། བུད་མེད་ཀྱི་གོ་སྒྲིག་འོག་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་དང། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པ་དེར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང། ལོ་གསར་པའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དགོས་སྐོར་ལ་དགོས་འདུན་བཏོན་ཡོད་པ་རེད། ལས་འགུལ་དེའི་ནང་བོད་ཀྱི་མཐོ་རིམ་སློབ་མ་དང། ས་གནས་བོད་མི་བལ་གོས་ཚོང་པ་སོགས་བརྒྱ་སྐོར་ཞིག་འཛུལ་ཞུགས་བྱས་ཡོད་པ་རེད།།