བློས་གཏོང་དེའི་ཆ་ཤས་ཙམ་ཡང་ཆུད་ཟོས་སུ་སོང་ཡོད་པ་མ་རེད།
དེ་ཡང་རྡོར་གདན་དུ་ཟླ་འདིའི་ཚེས་༨ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། ལྡི་ལིའི་དོན་གཅོད་བསྟན་པ་ཚེ་རིང་གསུམ་གྱིས་བོད་ནས་གསར་དུ་ཕེབས་མཁན་ཚོར་ཐུག་འཕྲད་གནང་ཡོད་པ་དང༌། སྐབས་དེར་བཀའ་ཁྲི་མཆོག་གིས་གསུང་དོན་དུ། ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ཆེན་པོ་དེ་ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་༥༠ སོང་བའི་རྗེས་སུ་བྱུང་བ་ཞིག་རེད། སྤྱིར་བོད་ནང་༡༩༨༧ ལོ་དང་༡༩༨༨ ལོར་ས་གནས་ཁ་ཤས་ནང་ཞི་རྒོལ་བྱུང་ཡོད་པ་དེ། བཙན་བྱོལ་ལ་འབྱོར་ནས་༢༠ སོང་བའི་རྗེས་ནས་བྱུང་བ་དང། ༢༠༠༨ ལོའི་ཞི་རྒོལ་ནང་ཞུགས་མཁན་མང་ཆེ་བ། ༡༩༥༩ ལོའི་རྗེས་ནས་འཁྲུངས་མཁན་མི་རབས་གསར་པ་དེ་ཚོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནང་བཞུགས་མཁན་བོད་མི་ཚོའི་སྙིང་སྟོབས་དང། མི་རིགས་ཀྱི་ཞེན་ཁོག ཆོས་དད་སོགས་ཉམས་པ་མེད་པར་གནས་ཡོད་པ་གསལ་པོ་མཚོན་པ་རེད་ལ། དེ་དངོས་གནས་ངོ་མཚར་དང་བློ་སྤོབས་སྐྱེ་དགོས་པ་ཞིག་ཡིན་པ་བརྗོད་མི་དགོས་པ་རེད། དེས་ན་འདིར་ཡོད་པའི་བོད་མི་ཚོའི་ནང་ནས་ཞི་རྒོལ་ནང་ཞུགས་མྱོང་མཁན་དང། ཡང་ན་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཆགས་བསྡད་པ་ཚང་མར་ལེགས་གསོལ་སྔགས་བརྗོད་ཞུ་ཡི་ཡོད་ལ། སྐབས་དེར་བོད་མི་དཔའ་བོ་དཔའ་མོ་བརྒྱ་ཕྲག་མང་པོའི་སྐུ་སྲོག་ཤོར་ཡོད་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང༌། ད་ལྟའི་སྐབས་རྒྱ་ནག་དབང་འཛིན་པའི་བཙན་འོག་དོ་དམ་ནང་ཚུད་ནས། ཟུར་ལ་བཀར་ནས་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་སྟོང་ཕྲག་མང་པོ་ཡོད་པ་རྣམས་ལ། གདུང་སེམས་མཉམ་བསྐྱེད་ཐོག་ནས་མྱུར་དུ་གློད་གྲོལ་ཡོང་བའི་ཐུགས་གསོའི་སྨོན་ལམ་རྒྱག་གི་ཡོད་ཅེས་གསུངས་སོང།
ཡང་ཁོང་གིས། བོད་ཆོས་ལྡན་གྱི་ཞིང་འདི་རྒྱ་དམག་ཀླ་ཀློའི་དཔུང་འོག་ཏུ་ཚུད་ནས། ལོ་༦༠ ཙམ་སོང་བའི་རིང་ལ་མིང་སྙན་པོ་སྣ་ཚོགས་བཏགས་ཏེ། དོན་དམ་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་ཤུལ་མེད་བཏང་བའི་ཐབས་ལམ་ཡ་མ་ཟུང་འཁྲབ་ཀྱི་ཡོད་པ་རེད་དེ། བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང༌། ལེགས་བྱང་སོགས་ཉམ་པ་མེད་པའི་ཐོག་ནས་རྒྱུན་ཉར་བྱེད་ཐུབ་ཡོད་པ་དེ། གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་བོད་མི་རྒན་པ་ཚོའི་དྲིན་གྱིས་རེད། མ་འོངས་པར་ཡིན་ནའང་བོད་མི་ཚོའི་སྙིང་ལ་རུས་པ་བཅུག་ནས་བོད་མི་རིགས་དང༌། བོད་མི་རིགས་ཀྱི་ལེགས་བྱང། འཇིག་རྟེན་ཁམས་གཞན་ལ་མེད་པའི་ནང་དོན་རིག་པའི་སྲོལ་རྒྱུན་རྣམས་རྒྱུན་ཉར་བྱེད་རྒྱུ་དང། བོད་མི་རིགས་ཀྱི་གཞི་རིམ་གྱི་རང་དབང་བསྐྱར་གསོ་བྱེད་རྒྱུ། རང་སྲིད་རང་སྐྱོང་གི་གནས་བབས་མིང་དོན་མཚུངས་པ་ཞིག་ཡོང་རྒྱུའི་ཆེད་དུ། ཚང་མས་བཟོད་སྲན་དང། སྙིང་སྟོབས། དཔའ་མཛངས་ཞུམ་པ་མེད་པའི་ཐོག་ནས། ང་ཚོའི་རང་དབང་གི་སྒྲུབ་པ་ཉམས་ལེན་འདི་ལོ་སྟོང་ཕྲག་ཁ་ཤས་ཀྱི་རིང་ལ་མི་རབས་ནས་མི་རབས་བརྒྱུད་ནས་བསྒྲུབ་དགོས་བྱུང་ནའང༌། སྒྱིད་ལུག་བྱེད་རྒྱུ་དང་ཞུམ་པ་བྱེད་རྒྱུ་མེད་པའི་ཐོག་ནས་ཆོད་སེམས་བརྟན་པོ་ཞིག་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ནས་བོད་ས་ཁྱོན་ཡོངས་ནས་ཞི་རྒོལ་གྱེན་ལངས་གཞི་རྒྱ་ཆེ་བ་ཞིག་བྱུང་བ་དེར། རྒྱ་ནག་གི་དབང་འཛིན་པ་ཚོས་བསམ་ཡུལ་ལས་འདས་པའི་དྲག་གནོན་ཚབས་ཆེན་བྱས་པའི་དབང་གིས། ཉིས་སྟོང་བརྒྱད་དང་དགུ་ལོ་ཧྲིལ་པོ་གཉིས་ཀྱི་རིང་ལ་བོད་ནས་བཙན་བྱོལ་ལ་ཕེབས་མཁན། གནས་སྐོར་ལ་ཕེབས་མཁན། གཉེན་འཕྲད་ལ་ཕེབས་མཁན་ཉུང་ཉུང་ཆགས་ཡོད་པ་རེད། དེ་རིང་ཉིས་སྟོང་བཅུ་ཡི་ལོ་སྟོད་ལ་བོད་ནས་མི་བརྒྱད་བརྒྱ་མ་ཟིན་ཙམ་ཕེབས་ཐུབ་པ་བྱུང་ཡོད་པ་དེ། ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་བཟུང་ནས་དགའ་བསུ་ཞུ་ཡི་ཡོད།
ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་གྱེན་ལངས་ཆེན་པོའི་སྐབས་བརྒྱ་ཕྲག་མང་པོའི་ཚེ་སྲོག་དང་སྟོང་ཕྲག་མང་པོ་བཙོན་འཇུག་བཀག་ཉར་འོག་ཡོད་པ་དེ། གོད་ཆག་ཚབས་ཆེན་དང་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཡིན་ནའང༌། ཕྱོགས་གཅིག་ནས་བློས་གཏོང་ཆེན་པོ་དེ་འདྲ་བྱེད་ཐུབ་པའི་དྲིན་གྱིས། བོད་མི་དང་བོད་དོན་ལ་སའི་གོ་ལ་འདིའི་ཐོག་གི་གཞུང་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད་ལ། ཕྱོགས་གཞན་པ་ཞིག་ནས་བོད་རིགས་ནང་ཁུལ་ལ་སྔར་དང་མི་འདྲ་བའི་གོ་རྟོགས་དང༌། མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དེ་སྲ་བརྟན་དུ་ཕྱིན་པ་རེད། མཐུན་ལམ་སྲ་བརྟན་ཙམ་མིན་པར་བོད་རིགས་ཡོངས་རྫོགས་ལྷག་བསམ་ལྷད་མེད་ཡིན་པ་གསལ་པོ་མངོན་ཐུབ་པ་བྱུང་ཡོད་པ་རེད། དེའི་ཐོག་ནས་བོད་མི་ཚོས་ཛ་དྲག་གི་གནས་ཚུལ་གང་བྱུང་ནའང༌། བོད་མི་རྣམས་འཚེ་བའི་ལས་ལ་མི་ཞུགས་པར་འཚེ་མེད་ཞི་བའི་ཐོག་ནས་བློ་རྩ་བརྟན་པོ་བྱས་ནས་ཞུགས་ཡོད་པ་གསལ་པོ་བསྟན་ཐུབ་པ་བྱུང་ཡོད་པ་རེད། དེ་འདྲའི་བཟང་ཕྱོགས་ཀྱི་གྲུབ་འབྲས་རླབས་ཆེན་པོ་དེ་འདྲར་བལྟས་པ་ཡིན་ན། ཚེ་སྲོག་ཤོར་མཁན། དཀའ་ངལ་འཕྲད་མཁན། གྱོང་གུད་ཕོགས་མཁན་ཚོའི་བློས་གཏོང་དེའི་ཆ་ཤས་ཙམ་ཡང་ཆུད་ཟོས་སུ་སོང་ཡོད་པ་མ་རེད་བསམ་གྱི་ཡོད་ལ། དོན་དངོས་སུ་དོན་དག་ཆེན་པོ་འགྲུབ་བསྡད་ཡོད་རེད། ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བློ་སྤོབས་སྐྱེས་འོས་པ་ཞིག་རེད་ཅེས་སོགས་གསུངས་སོང༌།
དེ་བཞིན་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་རྒྱ་གྲོས་མོལ་ཇི་ཙམ་བྱས་ཡོད་མེད་སྐོར་དང། ༧གོང་ས་མཆོག་གི་དགོངས་གཞི། དབུ་མའི་ལམ་གྱི་དགོངས་དོན། ད་ལྟའི་སྐབས་སུ་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་གྱི་སྐོར་ངོ་སྤྲོད་གནང་བ་དང། བོད་གཞུང་གི་ལངས་ཕྱོགས་དེ་ཕྱི་གསལ་ནང་གསལ་ཡིན་པས། གལ་ཏེ་རྒྱ་ནག་གཞུང་གི་ལས་དོན་སྒྲུབ་མཁན་གསང་ཉུལ་བ་སོགས་ཡོད་ན། གནས་ཚུལ་མཁོ་སྤྲོད་བྱེད་དགོས་ཚེ་བོད་གཞུང་གི་ལས་ཀ་བྱེད་མཁན་སུ་ལའང་འབྲེལ་བ་བྱས་ན། གཞུང་གི་ལངས་ཕྱོགས་སྦས་གསང་མེད་པའི་ཐོག་ནས་འགྲེལ་བརྗོད་བྱེད་ཆོག་ཅེས་སོགས་གསུང་བཤད་གནང་སོང༌།།
ས་གནས་ནས་འདི་གའི་གསར་འགོད་པས།