རྒྱ་གར་ནང་མེ་འཁོར་རྗེས་ལུས་ཐེབས་པའི་དཀའ་ངལ།
ངེད་གཉིས་ལ་ད་དུང་རོགས་པ་གཞན་དམག་མི་ཡིན་པ་ཞིག་ཀྱང་ཡོད། གྷ་ཡ་ནས་ང་ཨོ་རི་ས་རུ་འགྲོ་དགོས་པ་དང། ང་ཚོ་འགྲོ་སའི་མེ་འཁོར་ནི་བྷོམ་བྷ་ནི་ཤི་ཝར་ ར་རྗ་དྷ་ནི་ཡིན་པ་དང། གྷ་ཡ་ནས་ཕྱི་ཚེས་༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་༤།༣༠ ཐོན་དགོས་པས་ཕྱི་ཚེས་༩ ཉིན་གྱི་དགོང་མོ་ཡོང་དགོས་དོན་རྒྱུ་མཚན་དེ་ལ་བརྟེན་ནས་ཡིན། ༩ དགོང་མོ་མེ་འཁོར་འབབ་ཚིགས་ཀྱི་ཉེ་འགྲམ་མགྲོན་ཁང་ཞིག་ཏུ་བསྡད་པ་དང་། ཞོགས་པ་སྔ་མོ་རོགས་པ་གཞན་དེ་མེ་འཁོར་ག་དུས་འགྲོ་མིན་ལྟ་བར་འགྲོ་སྐབས་ང་ཚོའི་མེ་འཁོར་སྔ་དྲོའི་ཆུ་ཚོད་༡༠ པ་བར་རྗེས་ལུས་ཐེབས་འདུག་ཟེར། དེ་ནས་ཆུ་ཚོད་༩ པ་ཙམ་གྱི་དུས་སུ་མེ་འཁོར་འབབ་ཚིགས་སུ་འགྲོ་བའི་སྐབས་གྷ་ཡའི་མེ་འཁོར་འབབ་ཚིགས་དེ་གད་སྙིགས་དང་ཐལ་རྡུལ་གྱིས་ཁེངས་འདུག་པ་དང། བོད་པ་གཙོས་མི་མང་པོ་ཞིག་གིས་མེ་འཁོར་བསྒུགས་ནས་འདུག་པ་དང། རྗེས་ལུས་ཐེབས་པའི་སྡུག་ཡུས་བགྲང་མཁན་གཅིག་མིན་གཉིས་མིན་དུ་འདུག རིམ་པས་ཆུ་ཚོད་༡༠ ཟིན་སོང་ཡང། ང་ཚོའི་མེ་འཁོར་དེ་རཱ་རྗ་དྷ་ནི་ཟེར་བ་དེ་ཡིན་ཡང་རྗེས་ལུས་དེ་འདྲ་ཐེབས་སོང། རིམ་བཞིན་འདྲི་རྩད་བྱེད་ས་རུ་དྲིས་པའི་སྐབས་ཆུ་ཚོད་༡ པོའི་ཐོག་སླེབས་ཀྱི་རེད་ཅེས་སྣང་མེད་ཀྱིས་ལན་འདེབས་བྱེད་པ་ལས། འགྲུལ་པ་རྣམས་ལ་དཀའ་ངལ་ཡོད་པར་སྣང་དོགས་གཏན་ནས་མི་འདུག
ང་ཚོ་དང་མཉམ་དུ་མེ་འཁོར་སྒུག་མཁན་ཀོལ་ཀ་ཏ་རུ་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གི་ལས་བྱེད་བུད་མེད་ཅིག་འདུག ཁོང་གིས་མེ་འཁོར་ཡང་རྗེས་ལུས་ཐེབས་སོང་ཟེར། ཆུ་ཚོད་༡༢ ཀྱི་ཐོག་ཀོལ་ཀ་ཏ་རུ་འགྲོ་མཁན་མེ་འཁོར་ཞིག་སླེབས་སོང། ཁོང་ལ་བཅའ་ལག་ཆེན་པོ་འདུག་པས་ང་ཚོའི་རོགས་པ་དམག་མི་ཞིག་ཡོད་པ་དེས་ཁོང་ལ་བཅའ་ལག་དབོར་རོགས་བྱས་ནས་ཕྱིན་སོང། ཅུང་ཙམ་ནས་ཁོང་གཉིས་ཀ་ཕྱིར་སླེབས་སོང། ག་རེ་བྱས་སོང་ཞེས་དྲིས་པའི་སྐབས་ཁོའི་རྐུབ་སྟེགས་ཀྱི་སྟེང་དུ་མི་ཞིག་བསྡད་འདུག དེ་ལ་ངའི་རྐུབ་སྟེགས་རེད་ཅེས་རྩོད་རྒྱག་པའི་སྐབས། ཁྱེད་ཀྱི་མེ་འཁོར་ཚེས་གྲངས་ག་དུས་འགྲོ་མཁན་རེད་ཅེས་དྲིས་སོང། ངས་ང་དེ་རིང་འགྲོ་མཁན་ཡིན་ཞེས་བརྗོད་པའི་སྐབས། མེ་འཁོར་དེ་ཕྱི་ཚེས་༨ ཉིན་གྱི་རེད། ཉིན་གཉིས་རྗེས་ལུས་ཐེབས་པ་རེད། ཁྱེད་རང་འགྲོ་ས་དེ་ཕྱི་ཚེས་༡༢ ཉིན་མ་གཏོགས་སླེབས་ཐུབ་ཀྱི་ཡོད་པ་མ་རེད་ཅེས་བརྗོད་སོང་ཟེར། དེ་ནས་ཞིབ་རྩད་བྱེད་སྐབས་གནས་ཚུལ་དེ་དངོས་བདེན་རེད་འདུག་ཟེར། ཁོང་འུ་ཐུག་ནས་ཕྱིར་རྡོར་གདན་དུ་ལོག་སོང།
ང་ཚོའི་མེ་འཁོར་ཡང་ཆུ་ཚོད་དང་པོ་ལ་སླེབས་རྒྱུ་མི་འདུག་ལ། རྗེས་སུ་ཕྱི་དྲོ་ཆུ་ཚོད་༢།༣༠ ཐོག་གཞི་ནས་སླེབས་སོང། དོན་དམ་ང་ཚོའི་མེ་འཁོར་དེ་ཆུ་ཚོད་༡༠ ལྷག་རྗེས་ལུས་ཐེབས་སོང། ཐོག་མའི་འཆར་གཞི་ལ་༧གོང་ས་མཆོག་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་མ་ཕེབས་གོང་ནས་སླེབས་ཐུབ་པ་བྱེད་དགོས་བསམ་ཡང། ང་ཚོ་གཞིས་ཆགས་རང་དུ་སླེབས་དུས་༧གོང་ས་མཆོག་ཆིབས་བསྒྱུར་གནང་གྲུབ་འདུག
དེ་རིང་ཡང་ང་བྷོམ་བྷ་ནི་ཤི་ཝར་དུ་མེ་འཁོར་རྗེས་ལུས་ཐེབས་ནས་བསྒུགས་བསྡད་ཡོད། མེ་འཁོར་འཛིན་བྱང་གི་ནང་དུ་གསལ་བ་ལྟར་ན་ང་ཚོའི་མེ་འཁོར་དེ་ཕྱི་ཚེས་༡༤ མཚན་མོ་ཆུ་ཚོད་༡༡།༣༠ ཐོག་འགྲོ་རྒྱུ་ཡིན་ཡང། རྗེས་ལུས་ཐེབས་ནས་ད་དུང་ཡང་འགྲོ་ཐུབ་མ་སོང། ད་ལྟ་ཕྱི་ཚེས་༡༥ ཞོགས་པ་ཆུ་ཚོད་༦ པ་མ་ཟིན་ཙམ་རེད། འདྲི་རྩད་བྱེད་ཡུལ་ལ་སྐད་ཆ་དྲིས་ཀྱང་སྣང་མེད་ཀྱི་ཐོག་ནས་ཞོགས་པ་ཆུ་ཚོད་༧ པའི་ཐོག་སླེབས་ཀྱི་རེད་ཅེས་བརྗོད་ཀྱི་འདུག དོན་དངོས་དེ་དུས་སླེབས་ཐུབ་མིན་ཡང་ཐེ་ཚོམ་རེད། ཆུ་ཚོད་༧ པའི་ཐོག་སླེབས་པའི་དབང་དུ་བཏང་ཡང་ཆུ་ཚོད་༨ མ་ཟིན་ཙམ་རྗེས་ལུས་ཐེབས་པ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར་ན་ཆུ་ཚོད་༨ ནི་མི་གཅིག་གི་ཉིན་གཅིག་གི་ལས་དུས་ཆ་ཚང་རེད།
ད་ལྟའི་ཆར་རྒྱ་གར་གྱི་ས་ཁུལ་ཁག་ཏུ་མེ་འཁོར་རྗེས་ལུས་ཀྱི་གནད་དོན་ལ་བརྟེན་ནས་འགྲུལ་པ་རྣམས་ཀྱི་ལས་དོན་འཐུས་ཤོར་སོང་བ་ནི་གྲངས་ཀྱིས་མི་ལོངས་ཀྱང་། རྒྱ་གར་གཞུང་གིས་དེའི་སྐོར་ཐུགས་ཁུར་ཞིག་གཏན་ནས་གནང་གི་མེད་པ་འདྲ། གནད་དོན་འདི་ལྟ་བུ་ཕྱིའི་རྒྱལ་ཁབ་ཁག་ལ་མཚོན་ན་གསར་འགྱུར་ཆེན་པོ་ཞིག་ཡིན་ཡང། རྒྱ་གར་ལ་མཚོན་ན་རྒྱུན་ལྡན་ལྟ་བུར་གྱུར་འདུག དེར་བརྟེན་གནད་དོན་འདི་འདྲའི་ཐད་ནས་རྒྱ་གར་གྱིས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ལ་དཔེ་ལྟ་དགོས་པ་གལ་ཆེན་པོར་གྱུར་འདུག འདི་རྒྱ་གར་གཞུང་གི་མཚན་མཐོང་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད།།