༸གོང་ས་མཆོག་གྷུ་ཇུ་ར་ཏི་མངའ་སྡེར་ཆིབས་བསྒྱུར།

འབྲུག་གི་ཕྱི་སྲིད་བློན་ཆེན། དེ་བཞིན་ཤྲི་ལངྒ་དང་ཉི་ཧོང། ཨ་རི་དང། དབྱིན་ཇི། ཁེ་ན་ཌ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་བཅོ་ལྔའི་སྐུ་ཚབ་འཐུས་མི་རྣམས་དང་ལྷན་དུ་བྷ་རོ་ཌ་ཨེམ་ཨེ་སི་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་མཛད་སྒོ་འཚོགས་ཤིང། དེར་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་རིམ་པས་གསུང་བཤད་གནང་གྲུབ་རྗེས། མཐའ་མཇུག་ཏུ་༸གོང་ས་མཆོག་གིས་བཀའ་སློབ་གནང་དོན། ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པ་རེད། ང་ཚོ་རྒྱ་གར་གྱི་དགེ་ཕྲུག་ལྟ་བུ་ཡིན་པ་དང། རྒྱ་གར་ནི་ང་ཚོའི་དགེ་རྒན་ལྟ་བུ་རེད། རྒྱ་གར་ནས་དར་བའི་ནང་པའི་ཆོས་དེ་ཞི་བདེ་དང་འཆམ་མཐུན་བསྐྲུན་ཐུབ་མཁན་ཞིག་ཡིན་པ་དང། བོད་ལས་རྒྱ་ནག་ལ་ནང་ཆོས་དར་སྔ་བ་ཡིན་པས་རྒྱ་ནག་དེ་རྒྱ་གར་གྱི་དགེ་ཕྲུག་རྒན་པ་དེ་རེད། དགེ་ཕྲུག་གཞོན་པ་དེ་བོད་པ་ཆགས་ཀྱི་ཡོད་རེད། དེང་སང་དགེ་ཕྲུག་གིས་དགེ་རྒན་ལ་འགྲེལ་བཤད་རྒྱག་དགོས་པ་ཞིག་དང། དགེ་ཕྲུག་གཞོན་པས་དགེ་ཕྲུག་རྒན་པར་འགྲེལ་བཤད་རྒྱག་དགོས་པ་ཆགས་ཡོད་པ་རེད། དེ་ནི་རྒྱ་གར་གྱི་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་བདག་པོ་རྒྱག་མཁན་དེ་བོད་པ་ཡིན་པའི་རྐྱེན་གྱིས་རེད། དེ་སྤོབས་པ་བྱེད་དགོས་པ་ཞིག་རེད། སྔོན་མ་ཚུར་གནང་བ་དེ་དག་ང་ཚོས་ཕར་རྩིས་སྤྲོད་དགོས་པའི་དུས་ཤིག་ཡིན་པས། རྒྱ་གར་གཞུང་གིས་དེ་ལ་ཞལ་བཞེས་དང་རྒྱབ་སྐྱོར་གནང་དགོས་པ་ཞིག་རེད་ཅེས་དང། མི་ལོ་ལྔ་བཅུའི་རིང་ལ་རྒྱ་གར་དུ་གནས་སྡོད་བྱས་པ་རེད། རྒྱ་གར་གྱི་ཟས་ཟོས་པ་རེད། ངའི་ཕ་མ་དེ་བོད་པ་ཡིན་པ་མ་གཏོགས་སྤྱིར་ང་རང་རྒྱ་གར་གྱི་ཡུལ་མི་དང་གཅིག་མཚུངས་ལྟ་བུ་ཞིག་ཡིན། ང་འཛམ་གླིང་གི་ས་ཕྱོགས་གང་དུ་ཕྱིན་ཡང་ངས་རྒྱ་གར་གྱི་མགྲིན་ཚབ་པ་ལྟ་བུ་བྱས་ནས་སྐད་ཆ་བཤད་ཀྱི་ཡོད་ཅེས་སོགས་བཀའ་སློབ་བསྩལ་ཡོད་འདུག
དེ་བཞིན་གྷུ་ཇུ་ར་ཏི་སྤྱི་ཁྱབ་བློན་ཆེན་ན་རན་ཌ་མུར་ཏི་མཆོག་གིས་གསུང་དོན། གྷུ་ཇུ་ར་ཏི་མངའ་སྡེའི་ནང་དུ་ཡོད་པའི་ནང་པའི་གནས་དེ་ཚོ་བོད་པ་ཙམ་མ་ཡིན་པར་འཛམ་གླིང་ས་པྱོགས་གང་སར་ཡོད་པའི་ནང་པ་རྣམས་ཀྱི་གནས་སྐོར་བྱེད་ཡུལ་ཞིག་ཏུ་ཆགས་རྒྱུ་ཡིན་པ་དེ། གྷུ་ཇུ་ར་ཏི་མངའ་སྡེའི་མི་མང་གི་དཔལ་འབྱོར་གནས་སྟངས་ལའང་ཤུགས་རྐྱེན་བཟང་པོ་བསྐྲུན་ཐུབ་རྒྱུ་ཡིན་པའི་རེ་བ་གནང་གི་ཡོད་ཅེས་སོགས་གསུང་འདུག
བྷ་རོ་ཌ་དང་དེའི་ཉེ་འཁོར་གྱི་ས་གནས་ཁག་༢༠ ཙམ་ནས་ཡོང་བའི་བོད་པ་བལ་ཚོང་བ་རྣམས་དང། བོད་པའི་མཐོ་རིམ་སློབ་མ་རྣམས་ལ་༸གོང་ས་མཆོག་གིས་ཟུར་དུ་མཇལ་ཁ་གནང་ནས་ལམ་སྟོན་བཀའ་སློབ་གནང་དོན་དུ། བོད་མི་རིགས་དེ་ལ་རྒྱ་དང་ཞེན་ཁོག་ཡོད་པའི་མི་རིགས་ཤིག་རེད། དེ་མུ་མཐུད་རྒྱུན་འཛིན་གྱིས་གནས་ཐུབ་པ་ཞིག་དགོས་སྐོར་དང། དེང་སང་ནུབ་ཕྱོགས་རྒྱལ་ཁབ་མང་པོས་བོད་ཀྱི་སྐད་ཡིག་དེ་ཨུ་ཚུགས་བརྒྱབ་ནས་སྦྱོང་གི་ཡོད་རེད། གང་ཡིན་ཟེར་ན། དཔལ་ན་ལེནྜའི་ཆོས་བརྒྱུད་དེ་དག་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་མཁན་བོད་པའི་སྐད་ཡིག་ཡིན་པའི་རྐྱེན་གྱིས་ཡིན་སྐོར་དང། རྒྱ་རིགས་ཤེས་ཡོན་ཅན་མང་པོས་བོད་པའི་ཆེད་དུ་རྒྱབ་སྐྱོར་དང་དོ་སྣང་བྱེད་ཀྱི་ཡོད་སྐོར་དང། ལམ་དབུ་མ་དེ་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་བའི་སྐོར། བོད་ཀྱི་ནང་པ་ཞེས་པ་དེ་མ་ཎི་བགྲང་བ་དང་སྐུ་འདྲ་བཞེངས་པ་གཅིག་པུ་མིན་པར་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། བོད་དེ་སྔོན་མ་རྒྱ་ནག་གི་མངའ་འོག་མིན་པའི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་འབྲེལ་བོད་པ་རྣམས་སེམས་ཤུགས་མ་ཆག་པར་རང་འཁྲིའི་ལས་ཀ་ཧུར་ཐག་བྱས་ན། ཉིན་ཞིག་ང་ཚོ་ལ་སྐྱིད་པའི་ཉི་མ་ཤར་གྱི་རེད་ཅེེས་སོགས་ལམ་སྟོན་བཀའ་ཟབ་རྒྱས་གནང་ཡོད་འདུག
སྤྱིར་ནང་པའི་ལྷན་ཚོགས་དེ་ཉིན་གསུམ་རིང་འཚོག་རྒྱུ་ཡིན་པ་དང། ལྷན་ཚོགས་དེའི་ཐོག་ཏུ་བོད་པའི་དགོན་སྡེ་ཁག་འདྲ་མིན་ནས་ཕེབས་པའི་དགེ་འདུན་པ་༢༠༠ ཙམ་དང། བསྡོམས་མི་གྲངས་༥༠༠༠ ཙམ་ཚོགས་ཞུགས་བྱུང་ཡོད་པ་རེད། ལྷན་ཚོགས་དེར་གྷུ་ཇུ་ར་ཏི་མངའ་སྡེའི་གཞུང་ནས་ཧིན་སྒོར་དུང་ཕྱུར་གཅིག་ཙམ་གྱི་འགྲོ་སོང་བཏང་ཡོད་འདུག ལྷན་ཚོགས་དབུ་འཛུགས་མ་བྱས་པའི་སྔོན་དུ་༸གོང་ས་མཆོག་དང་སྤྱི་ཁྱབ་བློན་ཆེན་གྱིས་གཙོས་པའི་ཨེམ་ཨེ་སི་གཙུག་ལག་སློབ་ཁང་དུ་ཡོད་པའི་གནའ་ཤུལ་དངོས་རྫས་དཔྱད་རིག་སྡེ་ཚན་དུ་ཕྱི་ལོ་༡༩༦༢ ལོར་རྙེད་སོན་བྱུང་བའི་སྟོན་པའི་རིང་བསྲེལ་གྱིས་མཚོན་པའི་དངོས་རྫས་རྙིང་པ་ཁག་ཅིག་ལ་མཇལ་ཁ་དང། གཟིགས་ཞིབ་གནང་ཡོད་པ་རེད།།